བགྲང་ཡས་ལྷུན་པོ་མང་པོའི་ཕ་རོལ་ན་བསྡད་ཀྱང་།།
བརྩེ་ཆེན་བདེ་སྐྱིད་ལ་སོགས་མདུན་དྲུང་ལ་སྐྱེལ་མཁན།།
ན་རྒས་ཕ་མ་གཉིས་ཀྱི་འཛུམ་ཞལ་དེ་དྲན་ཚེ།།
གངས་དཀར་སེམས་པའི་རྩེ་ལ་ན་བུན་ཞིག་ལྡང་བྱུང་།།
ན་ནིང་བྲལ་ཚེ་སྐྱོ་གདུང་བརྒྱ་ཕྲག་གིས་མནར་ཏེ།།
ཚར་རྒྱུ་མེད་པའི་སེམས་གཏམ་ལྷུག་ལྷུག་ཏུ་བརྗོད་སའི།།
ལས་ཀྱིས་མནར་བའི་ཨ་ནེའི་སྐྱིད་སྡུག་དེ་དྲན་ཚེ།།
འདབ་དྲུག་བཞད་པའི་སྙིང་ལ་བདེ་སྣང་ཞིག་དཀའ་བྱུང་།།
རྨོངས་པའི་མུན་ནག་འཐིབས་པའི་ས་མཐོ་ཡི་ཡུལ་ནས།།
གླེན་ལྐུགས་ནོར་ཁྱུའི་རྨིག་རྗེས་ཤ་སྟག་རང་འཚོལ་བའི།།
ན་ཆུང་ཕོ་མོ་སོགས་ཀྱི་ལས་དབང་དེ་དྲན་ཚེ།།
མ་འོངས་མཐོ་སྒང་རེ་བ་བོར་ཉེན་ལ་དོགས་བྱུང་།།
སློབ་གྲྭ་མི་འགྲིམ་དོན་མེད་ཆང་ཁང་དག་འགྲིམ་པའི།།
ཚིག་གི་མཚོན་ཆ་རྣོན་པོ་ཕ་མ་ལ་འཕེན་པའི།།
དེང་གི་བྱིས་པ་རྣམས་ཀྱི་བྱ་སྤྱོད་དེ་དྲན་ཚེ།།
མེས་པོའི་མ་འོངས་མདུན་ལམ་ནོར་ཉེན་ལ་དོགས་བྱུང་།།
༼ ཧ་བཟའ་བདེ་ཆེན་སྒྲོན་མ། ༽