སློབ་རའི་གླིང་ནས་ཚོར་རླབས་ཀྱིས་བཀུག་པའི་ངའི་སེམས་ཁམས་སྙི་མོ་དེ་ཞིང་གྲོང་དུ་རྒྱུ་བའི་དྲི་བཞོན་བཞིན།ཁྱེད་ཀྱི་ཕྱོགས་སུ་རང་དབང་མེད་པར་ཤོར་སོང་།ངས་རིགས་གཞུང་འོ་མའི་ཆུ་གཏེར་ཆེན་མོ་ཧུབ་ཀྱིས་བཏུང་ནས་ཡིད་སེམས་མངོན་པའི་སྙན་རྩོམ་རོལ་དབྱངས་ཤིག་ཁྱེད་ལ་འབུལ་འདོད་ཡོད།
དཔྱིད་དུས།ཁུ་བྱུག་སྔོན་མོས་བཀྲ་ཤིས་གསུང་དབྱངས་སྒྲོག་བཞིན་མོན་ཡུལ་ནས་བདུད་རྩིའི་ཆུ་བོ་ཡི་སྦྲང་ཆར་ཁྱེར་ནས་ཕེབས་བྱུང་ལ།རི་ལུང་ཐང་གསུམ་དུ་རྩྭ་ལྗང་གི་རེ་བའི་མྱུ་གུ་འབུས་འདུག།བཀྲ་ཤིས་སྨོན་འདུན་དང་ལྷན་དུ་ཕྱུགས་ལ་འཕེལ་ཁ་དར་བ་དང་།ཞིང་ལ་ལོ་ལེགས་སྨིན་པར་ཡུལ་མི་སྤུན་གྲོགས་ཚང་མར་རེ་བའི་འོད་དཀར་རེ་གནང་འདུག།
དབྱར་དུས།འདབ་མ་སྣ་ལྔའི་ལྗང་མདོག་གི་གོས་ཆེན་སྟེང་དུ།རྟ་ནོར་ལུག་གསུམ་ནམ་མཁའི་ཆུ་འཛིན་བཞིན་ཁྱུ་དང་ཁྱུ་བྱས་ནས་རྩེད་དགར་རོལ་ལ།ས་སྲོས་ཀྱི་དུས་སུ་ཡིད་འོང་འབྲོག་མོ་དག་གིས་དགོ་དགོ་ངག་གི་དབྱངས་ལ་བཀུག་སྟེ།གཡང་ལྷ་འབྲི་མོའི་འོ་མ་འཇོ་བཞིན་མར་ཕྱུར་གྱི་རྒྱ་མཚོ་ལ་རོལ་བཞིན་མཆིས།
སྟོན་དུས།གསེར་མདོག་གི་ནོར་འཛིན་མའི་སྟེང་དུ།འབྲུ་རིགས་སྣ་ལྔ་རྒྱས་པར་སྨིན་ལ།ཞིང་པ་རྣམས་དགའ་སྤྲོས་ཁེངས་བཞིན་བྲེལ་འཚུབ་ཀྱིས་ལོ་ཏོག་བསྡུ་བར་བརྩོན་བཞིན་གདའ།
དགུན་དུས།ལྷགས་པ་དང་གྲང་ངར་གྱི་ན་ཟུག་གིས་ཁོག་འདར་བྱེད་ཅིང་སོ་སྒྲ་སྒྲོག། ཆུ་བོ་འཁྱག་པས་བསྡམས།ཕ་ཡུལ་ལ་ཁ་བ་ལྷ་མོས་གོས་དཀར་མནབས་འདུག་ལ།ཁྱེད་ནི་ཀེ་ལ་ཤའི་མེ་ཏོག་གངས་ལྷ་བཞིན་དཔའ་སྟོབས་དང་བཅས་ཏེ་ཀྲོང་ངེར་འགྱིང་འདུག།
ཁྱེད་ཀྱི་པང་ནས་མི་བུ་གང་མང་ཞིག་གི་ལྟེ་ཁྲག་འཕོས་ལ།མི་བུ་གང་མང་ཞིག་གི་ལང་ཚོའི་གཉོམ་ལག་རྒྱས་པ་ཡིན།འདི་ནི་རླབས་ཆེན་གྱི་ཕ་ཡུལ་ཏེ་བདག་གི་མ་མ་ཉིད།ཁྱེད་ཉིད་ཉི་ཟླའི་འཁོར་མཚམས་མ་བཞག་བར་དུ་བཞུགས་པར་ཞུ།ཁྱེད་ཀྱི་སྐུ་ཚེ་རྨ་ཆུ་དང་འབྲི་ཆུ་བཞིན་རྒྱུན་མ་ཆད་པར་བརྟན་པའི་སྨོན་ལམ་ཡང་ཡང་འདེབས།
༼ འགྱང་བཟའ་ཚེ་རིང་སྒྲོལ་མ། ༽