国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཡུལ་དྲན་པ།

བདག་ནི་ཤེས་རབ་དར་བའི་སྐྱེད་ཚལ་དུ་གནས་ཀྱང་།།

ཕ་ཡུལ་དྲན་ནས་སེམས་ཁུང་སྟོང་པ་རུ་གྱུར་འདུག།

ཐོག་མའི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་དེ་དྲན་དུས།།

བདག་གི་སེམས་འདི་དལ་འགྲོའི་རླབས་རྒྱུན་ལས་སྐྱེན་པ།།

དཔྱིད་གསུམ་སྦྲང་ཆར་ཟིལ་མ་ཟམ་ཟིམ་དུ་འབབ་སྐབས།།

ནོར་འཛིན་ཧྲིལ་པོ་མཛེས་མའི་ངོ་གདོང་བཞིན་གཙང་བ།།

གསར་སྐྱེས་མྱུ་གུ་ས་གཞིར་ལྗོངས་རྒྱུ་རུ་ཕེབས་སྐབས།།

མཛེས་སྡུག་ཐགས་སུ་བཀྲ་བའི་ཕ་ཡུལ་དེ་དྲན་བྱུང་།།

དབྱར་གསུམ་ཁྲི་གདུགས་ཉི་མ་རི་རྩེ་ནས་འཛུམ་དུས།།

སྔོ་ལྗང་ལོ་མའི་འདབ་མ་ཡོམ་ཡོམ་དུ་འགུལ་ཞིང་།།

ས་གཞིའི་སྐྱེ་དངོས་ཀུན་ལ་གསོན་ཤུགས་རང་རྒྱས་ནས།།

ལང་ཚོའི་གཟི་མདངས་ངོམ་པའི་ན་གཞོན་དང་འདྲ་བ།།

སྟོན་གསུམ་སྤང་ཐང་ཧྲིལ་བོ་འབྲས་བཟང་གིས་བརྒྱན་ཞིང་།།

ཡོད་ཚད་གསེར་གྱི་ཞུན་མར་སྤྲས་པ་དང་འདྲ་བ།།

ཞིང་པ་ཕོ་མོའི་སེམས་པ་དྲོད་ཁོལ་གྱིས་ཁེངས་དུས།།

གསེར་གྱི་ཐང་མ་བརྡལ་བའི་གཡུལ་ས་དེ་དྲན་བྱུང་།།

དགུན་གསུམ་ཁ་བའི་མེ་ཏོག་ལྷབ་ལྷུབ་ཏུ་འབབ་དུས།།

རི་ལུང་ཀུན་ལ་གསོན་ཤུགས་ལྷག་མ་ཞིག་རྒྱས་ནས།།

ནོར་འཛིན་བུ་མོས་ཁ་བའི་ལྭ་གསར་རང་གྱོན་པའི།།

བརྗིད་ཆགས་གངས་རི་ལྟ་བུའི་ཕ་ཡུལ་དེ་དྲན་བྱུང་།།

༼ ར་བཟའ་བུ་མོ་ལྷ་མོ། ༽