བེེཌཱུརྱ་དུ་ཀཱུ་ལ་ཡིས་བརྒྱན་པའི་སྔོ་ཞིང་ལྗང་མདོག་གིས་ཁེངས་པའི་རྩྭ་ཐང་གི་གཞི་ན། མཆོད་པའི་ཡོན་ཏན་དང་ལོངས་སྤྱོད་སྣ་ཚོགས་འཛོམས་པའི་གཡུ་མཚོ་ཕྱུག་མོ་ཡི་འདབས་ན། སྤྲིན་པ་ལང་ལོང་དུ་འཐིབས་ཤིང་མཁའ་དབུགས་ཕྱུར་བུར་ཁྱབ་པའི་ཨ་སྔོན་གྱི་འོག་ན། གཤིས་ཀ་འཇམ་ཞིང་དུལ་བའི་འབྲོག་སྡེ་ཆུང་ཆུང་ཞིག་གནས་འདུག། དེ་ནི་བདག་གི་ཕ་ཁྱིམ་དྲོན་མོ་བྱང་སྡེ་ཉི་མ་མིན་ནམ།
དཔྱིད་དཔལ་བུ་མོས་ལྗང་མདོག་གི་ལྭ་བ་ཞིག་མནབས་ཏེ་དལ་བུར་ཚུར་སླེབས། ལྗོན་པ་དང་རྩྭ་ཐང་། རི་ལུང་ཀུན་ཏུ་ཁུ་བྱུག་གིས་གསུང་སྙན་གྲགས་ཤིང་། སྒེག་ཉམས་ལྡན་པའི་མྱུ་གུ་ཞིག་གིས་གྲགས་འགུལ་ཅི་ཡང་མེད་པར་ས་ཤུན་བརྟོལ་ཏེ་བྱུང་། ཡལ་གས་བསིལ་གདུགས་བརྐྱངས་པའི་ལྗོན་ཤིང་གི་ཚོགས་ཀྱིས་ཀྱང་དཔྱིད་ཀྱི་དཔལ་མོར་སྣེ་ལེན་བྱེད་བཞིན་འདུག།
ཡུད་ཙམ་ན། དཔྱིད་དཔལ་བུ་མོས་འཇོ་སྒེག་གི་ལུས་ལ་འཕྱོར་གོས་བརྒྱན་ནས་སླེབས་ཏེ། སྣང་བ་དགུ་འགྱུར་སྤྲིན་གྱི་བང་རིམ་ལས་བརྡོལ་བའི་སྦྲང་ཆར་ཟམ་ཟིམ་དུ་ལྷུང་། མདོ་སྨད་ལྷོ་རྒྱུད་སྣོད་བཅུད་སྒྱུ་མའི་ཕོ་བྲང་བཞིན། ཞག་གཅིག་འགོར་བའི་རིང་དུ་རབ་མཛེས་མེ་ཏོག་གི་ཕྲ་རྒྱན་ས་གཞིར་ཁྱབ། གཡང་གཟར་བྲག་རི་མཐོན་པོ་ཡི་རྩེ་ནས། དར་དཀར་ལྟ་བུའི་རྦབ་ཆུ་ཞིག་ཐུར་དུ་བརྐྱངས།
ཛམ་བུ་ན་དས་ཕྱུར་བུར་གང་བའི་དུས་ཚིགས་ཤིག་ཀྱང་ཐོན་ཟིན། སྤྲིན་པ་ཉག་ཙམ་མེད་པའི་མཐོན་མཐིང་གི་མཁའ་དབྱིངས་ན། གནམ་འཕང་གཅོད་བྱེད་ཀྱི་གཤོག་རྩལ་ལྡན་པའི་ཁྲུང་ཁྲུང་གི་ཚོམ་བུ། མགྲིན་པས་སྐད་སྙན་སྒྲོག་གིན་ལྷོ་ཕྱོགས་སུ་ཆས་པ་མཐོང་། ད་ནི་གདན་དཀར་བལ་གྱིས་བཏིང་བའི་སྔོན་ཆད་ཀྱི་དཔོན་པོ་ཞིག་ཕེབས་བྱུང་། ས་གཞི་ཡོངས་སུ་ཤེལ་དཀར་གྱི་མེ་ལོང་བཏིང་ཞིང་། བསིལ་འཇམ་གྱི་མཁའ་དབུགས་གྲང་ངར་གྱི་རླུང་དུ་གྱུར། ཀུན་གྱིས་རེ་སྒུག་བྱེད་བཞིན་པ་ནི་ལོ་རྗེས་མའི་མཛེས་སྡུག་གི་དུས་ཚིགས་དང་པོ་ཡིན། བསམས་ན་སེམས་ཀྱི་སྣང་ཚུལ་རྒྱ་མཚོར་མི་ཤོང་བའི་འབྲོག་ཡུལ། བལྟས་ན་ཁྲ་ཆུང་མིག་གི་འདོད་བློ་མི་ཚིམ་པའི་སྤང་ལྗོངས། སྨྲས་ན་ངག་གིས་བརྗོད་མཐའ་བྲལ་བའི་མེས་པོ་གོང་མ། བསྡད་ན་ཚིམ་པའི་སྣང་བ་འགོག་ཐབས་མེད་པའི་ཕ་ཡུལ། ངའི་ཕ་ཁྱིམ་དྲོན་མོ་བྱང་སྡེ་ཡི་ཉི་མ། ཡང་ན་ཉི་མ་དང་ཆེས་ཁ་ཐག་ཉེ་བའི་བྱང་སྡེ།
༼ ཨ་བཟའ་ཚེ་རིང་སྐྱིད། ༽