国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞི་ཅིན་ཕིང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”བཟོ་བའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས།

ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ་དང་། དམངས་གཙོའི་ཇུས་ཐག་གཅོད་པ། ཁྲིམས་ལྟར་ཇུས་ཐག་གཅོད་པ་བཅས་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོན་པོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”བཟོ་བའི་ལས་དོན་ལེགས་པོར་བསྒྲུབ་དགོས་ཞེས་ནན་གསུང་གནང་།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ5ཚེས19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”བཟོ་བའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ལོ་ལྔའི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ་དང་རྒྱུན་མཐུད་ལག་ལེན་བསྟར་བ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་གལ་ཆེན་ཞིག་ཀྱང་རེད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”བཟོ་བ་དང་ལག་ལེན་བསྟར་བ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ་དང་། དམངས་གཙོའི་ཇུས་ཐག་གཅོད་པ། ཁྲིམས་ལྟར་ཇུས་ཐག་གཅོད་པ་བཅས་མཐའ་འཁྱོངས་ཏེ་རྩེ་རིམ་ཇུས་འགོད་དང་ཐབས་ཇུས་དམངས་ལ་འདྲི་བ་གཅིག་གྱུར་བྱེད་པ་དང་། བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱ་རྒྱུར་ཤུགས་རྒྱག་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་ལ་ཉན་པ། ལས་བྱེད་པ་དང་མང་ཚོགས་ཀྱིས་ལག་ལེན་ཁྲོད་གསར་གཏོད་བྱས་པའི་ཉམས་མྱོང་གསར་པ་བསྡུ་ལེན་གང་ལེགས་བྱེད་པ། དམིགས་ཚན་ལས་འགན་དང་སྲིད་ཇུས་བྱེད་ཐབས་ཀྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་གཙིགས་ཆེན་བྱས་ནས་སྤུས་ཚད་མཐོན་པོས་འཆར་འགོད་བཟོ་བའི་ལས་དོན་ལེགས་པར་བསྒྲུབ་དགོས་པའི་ནན་གསུང་གནང་བ་རེད།

རང་རྒྱལ་གྱིས2026ལོ་ནས་བཟུང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལག་ལེན་བསྟར་རྒྱུ་ཡིན་ཞིང་། མིག་སྔར་ཏང་ཀྲུང་དབྱང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་འགོའི་འཆར་ཟིན་འགོད་པའི་ལས་དོན་སྒྲིག་འཛུགས་བྱེད་བཞིན་ཡོད། ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་འཆར་འགོད་གྲོས་འགོའི་འཆར་ཟིན་འགོད་པའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཉེ་དུས་འབྲེལ་ཡོད་ཕྱོགས་ཁག་གིས་བྱེད་ཐབས་སྣ་ཚོགས་བརྒྱུད་དེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”བཟོ་བའི་ཐད་ཀྱི་ལས་བྱེད་པ་དང་མང་ཚོགས་དང་ཆེད་རམས་པ་དང་མཁས་དབང་སོགས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱ་རྒྱུ་རེད།།

( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)