སྤྱི་ཟླ5པའི་ཚེས20ཉིན། ཁུལ་ཨུའི་ཏང་ལེགས་སྐྱོང་གིས་སྣེ་ཁྲིད་པའི་གཞི་རིམ་བཅོས་སྐྱོང་ཆེད་དོན་ཚོགས་འདུ་ལྕགས་ཟམ་རྫོང་དུ་འཚོགས་པ་དང་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཏང་ལེགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་གོ་བ་ཟབ་མོ་ལོན་པ་དང་། ཏང་ལེགས་སྐྱོང་གིས་སྣེ་ཁྲིད་པའི་གཞི་རིམ་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། ཏང་གིས་གཞི་རིམ་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་བརྒྱབ་སྟེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པའི་གཞི་རིམ་བཅོས་སྐྱོང་ལ་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་བརྟན་ཁམས་བདེའི་འཐབ་ཇུས་ཀྱི་གནད་ས་སྲ་བརྟན་དང་མངོན་འགྱུར་བྱེད་པར་འགན་ལེན་བརྟན་པོ་འདོན་སྤྲོད་བྱ་དགོས་ཞེས་གསུངས། ཁུལ་ཨའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུར་ལྕགས་ཟམ་རྫོང་དང་ལི་ཐང་རྫོང་། རྟའུ་རྫོང་གི་གཤིས་ཆུ་གྲོང་རྡལ་དང་། ཉག་རོང་རྫོང་བང་སྨད་ཡུལ་ཤོག། སྡེ་དགེ་རྫོང་ཡུལ་ཐོག་གྲོང་ཚོ། འབའ་ཐང་རྫོང་གེ་མོ་གྲོང་ཚོ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོས་གཏམ་བཤད་བྱས་པ་རེད། ཚང་མའི་གཏམ་བཤད་ལ་གསན་རྗེས། ཧྲེན་དབྱང་གིས་ཉེ་བའི་ལོ་ཤས་རིང་ཁུལ་ཨུས་རྨང་གཞིར་མཐོང་ཆེན་དང་། གཞི་རིམ་དམ་འཛིན་བྱེད་པ། གཞི་རྩ་ཟབ་ཏུ་གཏོང་བ་བཅས་ཀྱི་ལས་ཀའི་ཁྲིད་སྟོན་གསལ་པོར་བྱས་ཏེ། ཏང་ལེགས་སྐྱོང་གིས་སྣེ་ཁྲིད་དེ་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རྒྱལ་ཡོངས་གྲོང་ཁོངས་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ཚད་ལྡན་གྲོང་ཁྱེར་བདེ་བླག་ངང་གསར་སྐྲུན་བྱས་ཏེ། དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བསྐུལ་ཏེ་ཁོར་ཡུག་བཟང་པོ་བསྐྲུན་ཅིང་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས་ཡོད། མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ཏང་ལེགས་སྐྱོང་གིས་སྣེ་ཁྲིད་དེ་གཞི་རིམ་བཅོས་སྐྱོང་ལ་བླང་བྱ་སྔར་ལས་མཐོ་བ་བཏོན་ཡོད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་ཁག་གིས་གནད་དོན་གྱི་ཁྲིད་སྟོན་དང་། དགོས་མཁོའི་ཁྲིད་སྟོན་། འཕེལ་རྒྱས་ཀྱི་ཁྲིད་སྟོན་བཅས་རྒྱུན་འཁྱོངས་ཏེ། སྤྱི་ཚོགས་ཀྱི་གྲུབ་ཚུལ་འཕེལ་ཕྱོགས་དང་བསྟུན་ནས། མ་སྐུལ་དང་བླངས་ཀྱིས་ལས་འགན་འཁུར་རྒྱུ་དང་། འགན་འཁྲི་ནན་པོ་འཛིན་པ། ལག་ལེན་འཚོལ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་ལས་འགན་ཁག་དོན་ལ་འཁྱོལ་བར་བསྐུལ་ཏེ། དཀར་མཛེས་ཁུལ་གྱི་དོན་དངོས་དང་མཐུན་པའི་ཏང་ལེགས་སྐྱོང་གིས་སྣེ་ཁྲིད་དེ་གཞི་རིམ་བཅོས་སྐྱོང་གི་ལམ་བུ་ཞིག་ཧུར་ཐག་གཏོད་དགོས་ཞེས་བསྟན་པ་རེད།
ཧྲེན་དབྱང་གིས་ནན་གསུང་གནང་དོན། ཏང་ལེགས་སྐྱོང་གིས་སྣེ་ཁྲིད་པའི་ཆབ་སྲིད་མཐུན་རྐྱེན་འདོན་སྤེལ་གང་ལེགས་བྱས་ཏེ་ལས་ཀའི་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏང་དགོས། ལས་ཀའི་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏང་དགོས། གཞི་རིམ་གྱི་འཐབ་འཛིང་བཙན་རྫོང་སྟོབས་ལྡན་བསྐྲུན་དགོས། གཞི་རིམ་གྱི་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏང་དགོས། གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ནས་ནུས་པ་འདོན་སྤྲོད་བྱ་རྒྱུ་ཇེ་དྲག་ཏུ་གཏང་དགོས།
ཚོགས་འདུ་མ་འཚོག་གོང་ཚོགས་ཞུགས་མི་སྣ་ཚོ་ད་དུང་ཉག་ཆུ་དང་རྟའུ། དར་རྩེ་མདོ། ལྕགས་ཟམ་སོགས་ས་གནས་ཀྱི་ཡུལ་ཤོག(གྲོང་རྡལ)དང་སྤྱི་ཁུལ་ཁག་གཅིག་གི་ཡུལ་དངོས་སུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་ཡོད་པ་རེད།། ( ལྷ་འཛོམས་ཀྱིས་བསྒྱུར།)