ཉེ་ཆར། ལི་ཐང་རྫོང་ནགས་ལས་རྩྭ་ཐང་ཅུས་དང་ཁྲུང་ཆིང་ཞུའེ་པའོ་ཧྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གཉིས་གྱིས་ལི་ཐང་རྫོང་ཚོ་གསུམ་ཡུལ་ཤོག་ཏུ་ཤུག་པའི་སྡོང་མྱུག500ལྷག་བཙུགས་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རྩི་ཤིང་སྟེ་ཤུག་པ་ཚོད་ལྟ་འདེབས་གསོའི་མཉམ་ལས་ལས་ཚན་དངོས་སུ་སྤེལ་བ་རེད།
ད་ཐེངས་ཀྱི་མཉམ་ལས་ནི་ཕྱོགས་གཉིས་པོས་རྩ་ཆེ་བའི་རྩི་ཤིང་སྲུང་སྐྱོང་ཁྱབ་ཁོངས་ཀྱི་འཚོལ་ཞིབ་གལ་ཆེན་ཞིག་ཡིན་པ་དང་། ཚན་རིག་ཞིབ་འཇུག་དང་ལག་ལེན་བརྒྱུད་དེ་ཤུག་པའི་རིགས་དང་གྲངས་འབོར་མང་དུ་བཏང་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་བར་སྐུལ་འདེད་བཏང་བ་རེད། ཤུག་པ་ནི་རང་རྒྱལ་ལ་མ་གཏོགས་མེད་པའི་གནའ་བོའི་རྩ་ཆེན་གྱི་རྩི་ཤིང་ཞིག་ཡིན། རི་འགོར་སྐྱེས་པའི་ཤུག་པ་ནི་དུས་མཚམས་གཅིག་ནང་ཅུང་ཙམ་མིན་ན་འཇིག་ཉེན་དུ་འགྲོ་ཡོད་མོད། འོན་ཀྱང་། སྟབས་ལེགས་པ་ཞིག་ལ་ཁྲུང་ཆིང་གི་ཞུས་པའོ་རི་བོ་སོགས་སུ་ཡང་བསྐྱར་རྙེད་ནས་ད་ལྟ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་རི་སྐྱེས་རྩི་ཤིང་ཞིག་ཏུ་གྱུར་ཡོད། ཤུག་པར་རྩི་ཤིང་གི་འབྱུང་ཁུངས་དང་འཕེལ་འགྱུར་ལ་ཞིབ་འཇུག་བྱེད་པའི་ཚན་རིག་གི་རིན་ཐང་གལ་ཆེན་ལྡན་པ་དང་། སྐྱེ་ཁམས་ཉམས་གསོ་དང་ས་ཆུ་སྲུང་འཛིན་སོགས་ཀྱི་ཐད་དགེ་མཚན་ཆེན་པོ་ཐོན་བཞིན་ཡོད། ཁྲུང་ཆིང་ཞུའེ་པའོ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ཤུག་པ་སྲུང་སྐྱོང་དང་གསོ་སྤེལ་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་མ་ཟད། ས་ཁུལ་མང་པོ་ཞིག་ཏུ་གནས་སྤོ་སྲུང་སྐྱོང་དང་ཚོད་ལྟ་འདེབས་གསོ་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཅིང་། ལག་རྩལ་དང་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད།
ལི་ཐང་རྫོང་ནགས་ལས་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ལི་ཐང་རྫོང་ལ་མཚོན་ན་སྐྱེ་ཁམས་ཁོར་ཡུག་ཐུན་མོང་མ་ཡིན་པ་དང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ། སྐྱེ་ཁམས་མ་ལག་སྣ་མང་ཅན་བཅས་ལྡན་པས་ཤུག་པ་འདེབས་གསོ་བྱེད་པར་ཆ་རྐྱེན་བཟང་པོ་ཡོད། ད་ཐེངས་ཀྱི་མཉམ་ལས་བརྒྱུད་དེ་ཁྲུང་ཆིང་ཞུའེ་པའོ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལག་རྩལ་ལེགས་ཆར་བརྟེན་ནས་ལི་ཐང་རྫོང་གི་ཐུན་མོང་མ་ཡིན་པའི་ས་ཁམས་སྐྱེ་ཁམས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཤུག་པ་ཚོད་ལྟ་འདེབས་གསོ་ཞིབ་འཇུག་བྱས་པ་དང་། ཤུག་པ་སྐྱེ་འཚར་དང་འཚམ་པའི་ཁོར་ཡུག་དང་འདེབས་གསོ་ལག་རྩལ་འཚོལ་ཞིབ་བྱས་ཏེ། ཤུག་པའི་རིགས་དང་གྲངས་འབོར་རྒྱ་སྐྱེད་དང་སྐྱེ་ཁམས་སྲུང་སྐྱོབ་ཐད་བྱས་རྗེས་ཆེན་པོ་བཞག་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཤུག་པ་ཚོད་ལྟ་འདེབས་གསོའི་མཉམ་ལས་ལས་ཚན་སྤེལ་འགོ་བཙུགས་པ་ནི་རྒྱལ་ཁབ་ཀྱི་རྩ་ཆེ་བའི་འཇིག་ཉེན་རྩི་ཤིང་སྲུང་སྐྱོང་ཐད་ཕན་ཐོགས་ཡོད་པར་མ་ཟད། ས་གནས་གཉིས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་མཉམ་ལས་ལ་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཕྱིན་ཆད། ཕྱོགས་གཉིས་པོས་ད་ཐེངས་ཀྱི་མཉམ་ལས་གོ་སྐབས་དམ་དུ་བཟུང་ནས་སྐྱེ་ཁམས་སྲུང་སྐྱོང་དང་། ཚན་རིག་ཞིབ་འཇུག་ལྟ་ཞིབ་ཚད་ལེན། ཚན་རིག་ཁྱབ་གདལ་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་གཏང་བ་དང་། རི་སྔོ་ཆུ་དྭངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུར་བྱས་རྗེས་གཞག་དགོས།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)