国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་གིས་གཟུགས་མེད་རིག་གནས་ཤུལ་བཞག་ལག་རྩལ་གྱི་གསོན་ཤུགས་འཕེལ་དུ་བཅུག།

ཉེ་ཆར། ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་གིས“མགྱོགས་མྱུར་འགྱུར་ལྡོག་འགྲོ་བའི་སྤྱི་ཚོགས་ཁྲོད་ཀྱི་དངོས་མང་བཤམས་སྟོན་ཁང་གི་འབྱུང་འགྱུར”གྱི་གཙོ་དོན་ལ་དམིགས་པ་དང་། རིག་གནས་ཐོབ་ཐང་གི་བརྒྱུད་འཛིན་དང་གསར་གཏོད་ལ་ཕྱོགས་ཏེ་དར་མདོའི་མཛའ་གཞས་ཐང་ཆེན་དུ་གཟུགས་མེད་རིག་གནས་ཤུལ་བཞག་གི་མྱོང་རོལ་བྱེད་སྒོ་སྤེལ་བ་དང་། མྱོང་རོལ་རྣམ་གྲངས་ཆེན་པོ་བཞི་བརྒྱུད་དེ་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་ལག་པས་རེག་ཐུབ་པར་བྱས།

བྱེད་སྒོ་སྤེལ་ཡུལ་གྱི་བརྐོས་པར་འདེབས་ཁུལ་དུ་གནའ་རབས་ཀྱི་པར་འདེབས་ལག་རྩལ་བསྐྱར་དུ་མངོན་པ་དང་ལས་དོན་མི་སྣས་འགྲེལ་བཤད་དང་ལག་ལེན་བརྒྱུད་དེ་གཟུགས་མེད་རིག་གནས་ཤུལ་བཞག་ལག་རྩལ་དེའི་འཕེལ་རྒྱས་ཀྱི་ཐབས་ལམ་ཕྱེ་ཡོད། རི་མོ་གསར་རྩོམ་ཁུལ་དེ་ཚོན་མདོག་དང་རིག་གནས་གདོང་ཐུག་བྱུང་བའི་གར་སྟེགས་སུ་གྱུར་ནས་ཡུལ་དངོས་སུ་འགྲེམས་པའི་ཁྱད་ཆོས་ལྡན་པའི་བོད་ལུགས་རི་མོས་མི་རྣམས་ཀྱི་ཡིད་དབང་འཕྲོག་ཡོད། བལ་རྩིད་བསླས་འཐག་ཁུལ་དུ་མཐོ་སྒང་མི་རིགས་ཀྱི་འཚོ་བའི་བློ་གྲོས་མངོན་པ་དང་མཉེན་ཞིང་མཉེན་པའི་བལ་རྩིད་ལག་ཤེས་ཐོན་རྫས་སུ་བསྒྱུར་ཡོད། རྫ་ནག་བཟོ་སྐྲུན་ཁུལ་ནི་མྱོང་རོལ་བྱེད་མཁན་གྱི“ས་ཡོ་བྱད་དུ་བསྒྱུར་བའི”བཟོ་ཁང་ཞིག་ཡིན་པས། མི་རྣམས་ལ་རྫ་ནག་གི་གནའ་བོའི་ལག་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།

ཡུལ་དངོས་སུ་གཟུགས་མེད་རིག་གནས་ཤུལ་བཞག་གི་བྱེད་སྒོར་ལྟ་སྐོར་དང་མྱོང་རོལ་བྱས་རྗེས། ལས་འཁྱུར་ལས་བྱེད་པ་རྒྱལ་མཚན་གྱིས་ད་ཆ་གཞོན་ནུ་ཚོས་སྲོལ་རྒྱུན་གྱི་ལག་རྩལ་དང་འབྲེལ་འདྲིས་ཉུང་བས། དངོས་མང་བཤམས་སྟོན་ཁང་གིས“བཟོ་རྩལ་རྙིང་པ”དེ་དག་ཐང་ཆེན་དུ་སྤོས་ནས་མྱོང་རོལ་བྱ་ཐབས་ཐོག་ནས་ཚང་མ་བྱེད་སྒོར་ཞུགས་སུ་བཅུག་པས་སྤྲོ་བ་ཡོད་ལ་ལག་རྩལ་ཡང་ཤེས་ཐུབ་ཅེས་བཤད། ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་གི་འགྲེལ་བཤད་མི་སྣ་སུང་ལན་གྱིས་མི་དེ་བས་མང་བ་དངོས་སུ་ཞུགས་སུ་བཅུག་ཐུབ་ན་གཟུགས་མེད་རིག་གནས་ཤུལ་བཞག་ལག་རྩལ་གཞི་ནས་གསོན་པོར་འགྱུར་ཐུབ། ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བརྩིས་ནས་སྲོལ་རྒྱུན་རིག་གནས་གསར་གཏོད་འཕེལ་རྒྱས་གཏོང་ས་དེ་བས་མང་བ་འཚོལ་ཞིབ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

མཛུབ་མོའི་ལག་རྩལ་ནས་རིག་གནས་བརྒྱུད་འཛིན་བར་ད་ཐེངས་ཀྱི་བྱེད་སྒོ་དེ་ནི་རེག་ཐུབ་པ་དང་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་གཟུགས་མེད་རིག་གནས་ཤུལ་བཞག་བཤམ་སྒྲོམ་ནས་མང་ཚོགས་ཀྱི་འཚོ་བའི་ནང་འདྲེས་ཐུབ་པ་བྱས་ཡོད། སླད་ཕྱིན་གྱི་ལས་ཀའི་ཁྲོད་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་གིས་མཉམ་འགུལ་རང་བཞིན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་མྱོང་རོལ་རྣམ་གྲངས་དེ་བས་མང་དུ་བཏང་ནས་ལྟ་སྐོར་གྱི་ཁོར་ཡུག་བཟང་པོ་བསྐྲུན་ནས་གནའ་བོའི་གཟུགས་མེད་རིག་གནས་ཤུལ་བཞག་ལག་རྩལ་ལ་དུས་རབས་གསར་པར་སྐྱེ་སྟོབས་གསར་པ་མངོན་པ་བྱ་རྒྱུ་ཡིན་པ་རེད།།

( ཀུན་དགས་བསྒྱུར།)