མཚོ་མཐའི་ངང་ཆུང་གང་གི་ཕྱོགས་སུ། །
རི་ལུང་བརྒལ་ཏེ་འཕུར་བར་བྲེལ་སོང་། །
དྭངས་གཙང་ཁོར་ཡུག་ལྷ་ཡུལ་ཚལ་ནས། །
ལྷ་མོ་མེ་ཏོག་མཇལ་འཕྲད་ཨེ་བྱུང་། །
ངས་ནི་ངག་གི་འགྱུར་ཁུག་དབུས་སུ། །
ལོ་ཟླའི་ཕྱི་མིག་ཤོག་ངོར་ཕབ་པས། །
སྣང་ཡན་མཁན་པོའི་སྙན་ངག་འཚོལ་བཞིན། །
ཐ་སྙད་ཚིག་གི་མེ་ཏོག་བཏབ་ཡོད། །
ཞེ་འདང་ཟླ་བའི་འཛུམ་དཀར་ངོགས་ན། །
མ་བཅོས་ལང་ཚོ་རིང་ནས་རྒྱུ་བ། །
ཁྲ་ཆུང་མིག་ལ་མཛའ་བ་མིན་ན། །
ཚུལ་འཆོས་བདག་ལ་རང་དབང་ཡོད་ངེས། །
ལས་ཀྱི་སྐྱིད་སྡུག་སུ་ལ་གཏམ་ཆོག །
སྙིང་གི་དམ་བཅའ་སུ་ལ་བཞག་ཆོག །
གཡོ་སྒྱུའི་ཁེངས་པའི་སྲིད་པ་འཁོར་བར། །
ཡིད་བརྟན་ཅན་གྱི་སྙིང་གྲོགས་དཀོན་ནོ། །
བས་མཐའི་ཚལ་ནས་ཞི་འཇམ་ངང་དུ། །
ཁེར་རྐྱང་འཁྱམ་པོ་གཉིད་ལ་ཡུར་དུས། །
འདུ་འཛིའི་བྱ་དངོས་དྲན་སློང་མེད་པས། །
རང་སྐྱིད་འཚོ་གཞིས་འདི་ལས་ཅི་ཞིག །