ཆུ་འཛིན་སྤྲིན་ཕུང་གི་དབུས་སུ། །
མཉམ་བཞག་དཀྱིལ་ཀྲུང་ལ་གནས་པའི། །
སྙན་དབྱངས་རིག་བྱེད་ཀྱི་བདག་མོ། །
མ་སྲིང་དབྱངས་ཅན་ལ་འབོད་དོ། །
སྒྲ་སྙན་ངག་རིག་གི་སྐྱེམས་ཆང་། །
ལྷ་མོའི་བསྟོད་གསོལ་ལ་འབུལ་བས། །
དག་པ་ལྷ་ཡུལ་གྱི་སྒེག་ལྡན། །
ཁོ་བོའི་ཡིད་མཁའ་རུ་ཚེས་ཤོག །
ལས་མཐུན་སྙིང་སྡུག་ལ་མ་སྤྲིང་། །
ཡབ་ཡུམ་ཉི་ཟླ་རུ་ཅི་སྨྲ། །
འདང་གི་མཚོ་སྟེང་དུ་བཞད་པའི། །
སྒྲ་དབྱངས་མེ་ཏོག་ལ་བསྔགས་སོ། །
འཆར་སྣང་ཀུན་རྟོག་གི་སྒྲོམ་བུར། །
སྡེབ་ལེགས་འགྱུར་ཁུགས་ཀྱི་འཕྲེད་གླིང་། །
མ་བཅོས་གང་ཤར་དུ་རྡོལ་བས། །
ཡིད་སེམས་དགའ་སྐྱིད་ཀྱིས་ཁེངས་ན། །
ཕར་བལྟས་གཞིས་ཆུང་གི་འགྲམ་ནས། །
གཡུ་སྦྲང་རྩེད་འཇོ་ལ་རོལ་དུས། །
གནམ་འཕང་ཤར་ཕྱོགས་ཀྱི་མཚམས་སུ། །
འཇའ་ཚོན་མེ་ཏོག་ལྟར་མངོན་པའི། །
ཁྱོད་ལུས་ལྗོན་ཤིང་གི་རྩེ་རུ། །
གྲེ་འགྱུར་ཁུ་བྱུག་དེ་འབབ་བཞིན། །
གསུང་སྙན་བརྗིད་ཆགས་ཤིག་སྒྲོག་པ། །
རེ་བའི་དམིགས་འདུན་ལ་ཆགས་ཡོད། །
ངག་རིག་གྲུ་གཟེངས་ལ་བསྐྱོད་དེ། །
རྒྱང་རིང་ཕ་མཐའ་རུ་ཆས་པས། །
ནང་སེམས་རྦ་རླབས་ཀྱི་ངོས་ནས། །
སྒྱུ་མའི་འགྱུར་ཁུག་དང་བསྡོངས་སོང་། །
ལོ་ཟླའི་རྨི་ལམ་གྱི་རྗེས་སུ། །
འཛུམ་མདངས་མིག་མཐའ་རུ་ལྷུང་དུས། །
ཞལ་རས་འཇོ་སྒེག་གི་རིས་སུ། །
དཀར་དམར་མེ་ཏོག་དེ་བབས་ཡོད། །