སྙན་ཚིག་མེ་ཏོག་འཁོར་བའི་ཚལ་དུ་བཤམས། །
དཀར་དམར་སྣ་ཚོགས་མིག་གི་གསོས་སུ་སྨིན། །
གྲོགས་མེད་ཁེར་རྐྱང་ལས་ཀྱི་འདུན་མ་རུ། །
རྒྱུ་སྐར་ཕྲ་ཚོམ་ཅི་བཞིན་འོད་ཟེར་བལྟམས། །
མཛའ་བའི་གྲོགས་པོ་རྒྱང་ཐག་རིང་ཞིག་ཏུ། །
བཞུད་པའི་ཉིན་ནས་མིག་གིས་མ་མཐོང་ཡང་། །
ཡིན་ཡང་སྨོན་ལམ་ཚིག་གསུམ་གྱང་རལ་ནས། །
སྐྱབས་གནས་ལྷ་ཡི་སྙན་ལ་ཡང་ཡང་ཞུས། །
ནམ་མཁའི་ཟླ་བ་དམར་ཆུང་སྙིང་གི་གསེབ། །
འཛུམ་པའི་མདངས་ལ་བཟོ་བཅོས་མ་ལྷད་པས། །
དཀར་ནག་ལས་ཀྱི་ཐང་ཆེན་སྲིད་པ་འདིར། །
ནམ་ཡང་སྙིང་ལ་སྡུག་པའི་མི་ཞིག་འཚོལ། །
གལ་ཏེ་སྙན་ཆང་ཐུགས་སུ་མ་དགྱེས་ན། །
ཚེ་སྲོག་སྒྲོན་མེའི་འོད་ཟེར་འབུལ་ཡང་ཆོག །
བདག་ཀྱང་དབྱངས་ལ་མོས་པའི་མགྲོན་པོ་ཞིག །
མི་རིང་འཆི་ལམ་བརྒལ་དགོས་སེམས་སུ་ཡོད། །
དཔྱིད་ཀའི་མཛེས་པ་ཁྲ་ཆུང་མིག་ལ་འཕྲོད། །
མཚར་སྡུག་མེ་ཏོག་གཡུ་ཡི་ཐང་ལ་བཞད། །
ང་ཡི་གདུང་སེམས་སྒྱུ་མའི་མགུར་འདི་ལ། །
བསྡེབས་ཏེ་རིག་བྱེད་ངག་གིས་སེམས་ཁམས་གསོ། །
གློ་བུར་སྤྲིན་ནག་ཅིག་གི་སྐྱེལ་མ་བཅས། །
ཕྱི་མའི་ལམ་འཕྲང་བརྒལ་དགོས་བྱུང་ན་ཡང་། །
ང་ཡི་དཀའ་སྐྱོའི་དཔུང་དང་མཉམ་འགྲོགས་པའི། །
མ་བཅོས་སྙན་ཚིག་འདབ་མ་ཅི་ལྟར་ཟགས། །