国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལས་འཕྲོའི་བསོད་ ནམས་བཟང་པོ།

ངག་རིག་འགྱུར་ཁུག་ཟབ་མོའི་དབྱངས་རྟ་ལ། །

བརྒྱུས་པའི་དྲུག་འགྱུར་མགུལ་མའི་ཚིག་རྒྱན་གྱིས། །

ཡོངས་རྫོགས་བསྟན་པའི་དབྱིངས་ལ་ཤར་བའི་དཔྱིད། །

སྒྲ་དབྱངས་ཚངས་སྲས་དཔལ་མོར་བརྡ་ཞིག་སྟོན། །

ལྷག་བསམ་རྒྱ་ཕིབས་དཀར་པོའི་བསིལ་གྲིབ་འོག །

གཞན་ཕན་བརྩེ་བའི་མེ་ཏོག་འཐོར་ཐེངས་རེར། །

འགྲོ་རྣམས་ཕན་བདེའི་གྲུ་ཆར་ལན་ཅིག་ཕོབ། །

ཀྱེ་ཀྱེ་དབྱངས་ཅན་རྒྱ་མཚོའི་ནོར་བུ་ལགས། །

སྙན་འཇེབས་དབྱངས་ཀྱི་རྒྱུད་མངས་ཕྱག་ལ་བསྣམས། །

མཛེས་འཛུམ་མེ་ཏོག་དཀར་དམར་ཞལ་ལ་བབས། །

རྒྱལ་ཀུན་གསུང་གི་ཡུམ་གཅིག་དབྱངས་ཅན་མ། །

ལོངས་སྤྱོད་མགྲིན་པའི་རྒྱན་དུ་རྣམ་པར་མཛེས། །

ཕུལ་བྱུང་མཛེས་སྡུག་བཀྲ་བའི་སྤང་ཐང་དུ། །

དཀར་དམར་ལོ་མང་རྒྱས་པའི་ཕ་མཐའ་ནས། །

དགྱེས་ཞལ་མེ་ལོང་དྭངས་པའི་ལང་ཚོ་རུ། །

བཞད་པའི་རྐང་དྲུག་གཞོན་ནུ་མྱོས་ཏེ་སོང་། །

མཚམས་སྤྲིན་མེ་ཏོག་འགྱུ་བའི་ནམ་མཁའ་ལ། །

མཁའ་ལྡིང་གཤོག་ཟུང་ལྷེམ་ལྷེམ་འཕུར་བའི་དུས། །

ང་ཡི་ཞེ་འདྲིས་སྙིང་སྡུག་དྲན་གདུང་དེ། །

ཚིག་གི་འཕྲེད་ལ་མ་བཤམ་ཐབས་གཞན་བྲལ། །

མ་བཅོས་བརྩེ་བའི་ཆུ་མོ་ཤང་ཤང་བཞུར། །

ཞེ་འདང་ལས་ཀྱི་ཟླ་བར་འཕྲིན་ཞིག་བསྐུར། །

ཚིག་རྒྱན་འདབ་བརྒྱ་པ་ཡི་རྩེ་གཞུང་ནས། །

མཁས་རྒུའི་ཡིད་འཕྲོག་རིག་བྱེད་དབྱངས་ལ་གསོན། །

སྣང་བ་རླུང་གིས་ཁུར་བའི་བས་མཐའ་ནས། །

ཁྱོད་ཀྱི་འཛུམ་དཀར་ཡིད་ལ་འཆར་ཐེངས་རེར། །

དགོང་སྔོན་ཉི་ཟླའི་མཛེས་པ་མཐའ་དག་ཀྱང་། །

ཁྱོད་ཀྱི་དཔེ་རུ་བཀོད་པ་ཡུལ་ནས་འདས། །

འདི་ཡི་སྙན་གཞུང་རིག་པའི་ཁ་སྒོ་ནས། །

མཆིད་པའི་གཟུགས་རིས་སྙིང་ལ་རྡབ་ཞོར་དུ།

ཁྱོད་ཀྱི་འཇིག་རྟེན་འདི་ཡི་ནམ་མཁའ་ལ། །

འཕུར་བའི་ཕོ་རྒོད་ང་ཡི་བསོད་ནམས་ཡིན། །