国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྡེ་ཆེན་མཛེས་ མས་གསོན།

སྟག་ཤར་དཔལ་རྩལ་ངོམས་པའི་རྩེ་ཐང་ཞིག་ནས། །

རྨ་བྱའི་སྒྲོ་གུར་ཕུབ་པའི་སྡེ་ཆེན་མཛེས་མ། །

བག་མེད་རྣམ་གཡེང་འཁྲུལ་འཁོར་རྒྱང་ལ་དོར་ཏེ། །

དབྱངས་གསལ་མེ་ཏོག་འཐུ་བར་སྤྲོ་བ་སྐྱེད་དང་། །

ལྷ་སྐུར་མཇལ་ཁ་ཞུ་བའི་མཆོད་ཁང་ནང་དུ། །

སྣང་གསལ་མར་མེ་བསྒྲོན་པའི་པད་གདན་སྟེང་ནས། །

མེས་པོའི་མཛད་འཕྲིན་སེམས་ཀྱི་གཏིང་ལ་ཉར་ཏེ། །

ཕ་སྐད་གསེར་གྱི་ཨ་ལོང་དམ་དུ་སྦྲེལ་རོགས། །

སྙན་གླུ་ངག་གི་ཟིལ་བ་རྒྱང་ནས་བཀུག་པའི། །

ལ་ཐང་སྡེ་བའི་གྲོང་གི་ན་ཆུང་མེ་ཏོག །

ཚན་རྩལ་དེང་རབས་ཅན་གྱི་འཇིག་རྟེན་འདི་ལ། །

སྲོལ་རྒྱུན་གཤིས་ལུགས་མ་དོར་ཕ་བཟང་བུ་མོ། །

ལང་ཚོའི་འཇའ་ཟམ་བརྒྱུས་པའི་རི་སྒང་དེ་ནས། །

མཛེས་སྡུག་རྒྱན་ཆ་སྤུད་པའི་འབྲོག་མོ་རྣམ་དག །

གཡང་གི་ནོར་ལ་བདག་གཉེར་གང་ལེགས་བྱོས་དང་། །

འཚོ་བའི་སྦྲ་ནག་ནང་ལ་མར་ཆུར་ལྟེམས་ཡོད། །