སྤྱི་ཟླ5ཚེས22ཉིན། ཁུལ་ཨུས་ཉེན་སྟོན་སློབ་གསོའི་ཚོགས་འདུ་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་བསྣན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཞིང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་སྙིང་རུས་ལྷོད་མེད་ངང་དོན་ལ་འཁྱོལ་ནས། ཁུལ་ཡོངས་ཀྱི་ཏང་མི་ལས་བྱེད་པར་རྒྱུན་དུ་བསམ་བློའི་ཉེན་བརྡ་སློབ་གསོ་གཏོང་བ་དང་སྒྲིག་ཁྲིམས་དམ་འཛིན་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ལྷག་བསམ་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བྱས་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་དཀར་མཛེས་ཁུལ་ཡུན་རིང་བདེར་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་གཏང་དགོས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུར་ཉེན་སྟོན་སློབ་གསོའི་གློག་བརྙན་བསྟན་པ་དང་ཁུལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་སྙིང་དོན་དང་འགལ་བའི་དཔེ་མཚོན་གྱོད་གཞི་ལ་ཞིབ་བཤེར་ཐག་གཅོད་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད།
ཧྲེན་དབྱང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་དོན་འཁྱོལ་བྱེད་འགོ་བཙུགས་ནས་གནད་དོན་ཐག་གཅོད་བྱས་ཏེ། གོང་ནས་འོག་ཕྱོགས་དང་གོང་གིས་འོག་ལ་སྣེ་ཁྲིད་བྱེད་པར་རྒྱུན་འཁྱོངས་ཏེ། ལོ་མང་རིང་བཀག་འགོག་མ་ཐུབ་པའི་སྤྱོད་ཚུལ་ངན་པ་འགའ་ཤས་བཀག་འགོག་བྱས་ཡོད་ལ། ཡུན་རིང་ཐག་གཅོད་བྱེད་མ་ཐུབ་པའི་ངན་གོམས་ངན་སྲོལ་མང་པོ་ཐག་བཅད་དེ། རང་ངོས་གསར་བརྗེ་རླབས་པོ་ཆེར་བརྟེན་ནས་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེར་སྣེ་ཁྲིད་པའི་གནས་བབ་གསར་པ་ཞིག་བཏོད་ཡོད། ཉེན་ཅོང་རྟག་ཏུ་བསྒྲག་རྒྱུ་མངོན་གསལ་དོད་དུ་བཏང་ནས་རང་རྟོགས་ངང་དཔེ་མཚོན་གྱོད་གཞིའི་ཁྲོད་ནས་རྟོགས་སད་དང་གུས་བཀུར་འཐོབ་པར་བྱ་དགོས། བསམ་གཞི་ནན་པོ་དང་བྱེད་ཐབས་ནན་པོ་སྤྱད་རྒྱུ་རྒྱུན་འཁྱོངས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱ་དགོས།
ཚོགས་འདུ་བརྙན་འཕྲིན་ཁ་པར་འཚོག་སྟངས་ནས་རྫོང་(གྲོང་ཁྱེར)ཁག་ལ་འཚོགས་ཡོད། ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་དང་། ཁུལ་ཁྲིམས་ཁང་གི་མགོ་འཛིན་དང་ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་བཅས་ཁུལ་རིམ་པའི་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུའི་སྐོར་ཞིབ་ཚོ་ཆུང་ཁག་གི་ཚོ་དཔོན། ཁུལ་ཁོངས་གཏོགས་ཁེ་ལས་དང་དོན་ལས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་ར་གཙོ་བོར་ཞུགས་པ་རེད།།(ལྷ་འཛོམས་ཀྱིས་བསྒྱུར།)