国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྱང་ཐང་། ང་ཡི་ཕ་ཡུལ་།

ཆུང་དུས། ཕ་མའི་ངག་ལས་ཕ་ཡུལ་ཞེས་པའི་ཡིག་འབྲུ་འདི་དག་ཐོས་དུས། ཕ་ཡུལ་ལ་སྙིང་དེ་ཙམ་ཉེ་མི་ཤེས། ཐ་ན་ཡིག་འབྲུ་དེ་དག་གི་ནང་དོན་ཡང་དེ་ཙམ་མི་གོ། ནར་སོན་རྗེས། ཕ་ཡུལ་ལ་སྙིང་ཇེ་ཉེ་རེད། སྙིང་ཉེ་དྲགས་པའི་དབང་གིས། ཡིག་འབྲུ་དེ་དག་ཡིག་འབྲུ་གཞན་ལས་ཡིད་དུ་འོང་བ་མཐོང་། ཕ་ཡུལ། ང་ཡི་ལྟེ་ཁྲག་འཐོར་སའི་ལུང་པ།

དེ་ཡང“ས་མ་འདྲིས་བྱང་ཐང་སྐྱ་མོ། འདྲིས་ཚར་ན་རང་གི་ཕ་ཡུལ། ཁྱི་མ་འདྲིས་སྟག་ཁྱི་གཟིག་ཁྱི། འདྲིས་ཚར་ན་རང་གི་སྒོ་ཁྱི།”ཞེས་པ་ལྟར་ཕ་ཡུལ་ཞེས་པའི་ཐ་སྙད་འདི་རྣ་བར་ལྷུང་དུས། ཡིད་ཀྱི་ཟབ་སར་དྲོ་སོབ་སོབ་ཀྱི་ཚོར་བ་ཞིག་ངང་གིས་རྒྱས་འོང་། ཕ་མ་རྣམ་གཉིས་བཞུགས་ས་དེ་ཕ་ཡུལ་ཡིན་ལ། ཡིད་འོང་ཕྱིར་དྲན་མང་ས་དེ་ཡང་ཕ་ཡུལ་ཡིན། ཕ་མེས་གནའ་གཏམ་གླེང་ས་དེ་ཕ་ཡུལ་ཡིན་ལ། དབྱངས་གསལ་སོ་བཞི་ཡོད་ས་དེ་ཡང་ཕ་ཡུལ་ཡིན། ཕ་ཡུལ་ནི་ལས་དབང་གིས་ཐོབ་པའི་བགོ་སྐལ་དེ་ཡིན་ལ། ཕ་ཡུལ་ནི་རང་དབང་གིས་རྙེད་པའི་བདེ་སྐྱིད་དེ་ཡང་ཡིན། ཕ་ཡུལ་ནི་དྲན་པའི་གཏིང་གི་གནས་མལ་འཇམ་ཤོས་དེ་ཡིན་ལ། ཕ་ཡུལ་ནི་མཛེས་སྡུག་གི་དཔེ་མཚོན་ཡག་ཤོས་དེ་ཡང་ཡིན། ཕ་ཡུལ་ནི་དགའ་དུས་དགའ་གླུ་ལེན་ས་དེ་ཡིན་ཆོག་ལ། ཕ་ཡུལ་ནི་སྐྱོ་དུས་སྐྱོ་གླུ་འཐེན་ས་དེ་ཡང་ཡིན་ཆོག ཕ་ཡུལ་དུ་ཞེ་འཁོར་སའི་གཞིས་ཁྱིམ་ཡོད་ལ། ཕ་ཡུལ་དུ་སེམས་ཆགས་སའི་རི་ཀླུང་ཐང་གསུམ་ཡང་ཡོད། ཕ་ཡུལ་ལ་དྲིན་ཕ་མ་འདྲ་བའི་དྲོད་ཅིག་ཡོད་ལ། ཕ་ཡུལ་ལ་སྨན་མཛངས་མ་འདྲ་བའི་ཁྲེལ་ཞིག་ཀྱང་ཡོད། དེ་བས། ཕ་ཡུལ་ནི་ངལ་དུབ་ཀྱི་ཁུར་པོ་ཡོད་རྒུ་རླུང་ལ་བསྐུར་ཏེ་ལྷོད་ཤིག་ཤིག་གི་ངལ་གསོ་བྱེད་སའི་གནས་སྐྱིད་པོ་ཞིག་ཡིན་ཞིང་། དེ་རུ་ཁྱོད་ཀྱིས་རྙོག་ཟིང་ཅན་གྱི་ཟློས་གར་ཅི་ཡང་འཁྲབ་མི་དགོས། ཕ་ཡུལ་ནི་ཞོགས་པའི་ཉི་ཟེར་གྱི་ཟེགས་མ་དེ་ཡིན་ལ། དགོང་ཁའི་མཚམས་སྤྲིན་གྱི་མཚར་སྡུག་དེ་ཡང་ཡིན།

ཕ་ཡུལ་གྱི་པང་ནས་ཡར་ལ་བལྟས་ན། ཨ་སྔོན་གཡུ་ཡི་གསེང་དུ་དཀར་པོ་དུང་གི་ཆུ་འཛིན་ལང་ལོང་གཡོ་ཞིང་། མར་ལ་བལྟས་ན། ནོར་འཛིན་སྒེག་མོའི་པང་དུ་ཡངས་པའི་རྩྭ་ཐང་མཛེས་པར་ཆགས། རྩྭ་ཐང་ནི་གྱི་ལིང་རྟ་ཕོའི་བང་རྩལ་ངོམ་ས་ཡིན་ལ། བྲེ་སེར་འབྲོང་གི་ཤ་ཤེད་རྒྱས་ས་ཡང་ཡིན། རྩྭ་ཐང་ནི་གཡང་དཀར་ལུག་གི་འབའ་སྒྲ་གྲག་ས་ཡིན་ལ། ཁྲ་ཆིལ་མེ་ཏོག་གི་དྲི་བསུང་འཐུལ་ས་ཡང་ཡིན། རྩྭ་ཐང་ནི་ཨ་ཅེ་འབྲོག་མོའི་ལ་གླུ་སྙན་ས་ཡིན་ལ། གྲངས་འདས་ཚེ་སྲོག་མང་པོའི་བརྟེན་ས་ཡང་ཡིན། ད་དུང་། རྩྭ་ཐང་དུ་ཕ་མེས་ཀྱི་ཞབས་རྗེས་ཡོད་ལ། ངོ་མཚར་གྱི་གཏམ་རྒྱུད་ཀྱང་ཡོད། དགུན་གསུམ་ཙག་རླུང་གི་ཁྲོད་དུ། རྩྭ་ཐང་ནི་ལུས་དྲོད་ཉམས་རྒྱུ་མེད་པའི་འབྲོང་རྒོད་དར་མ་དེ་ཡིན། དཔྱིད་གསུམ་དཔལ་ཡོན་གྱི་འགོ་མར། རྩྭ་ཐང་ནི་སེམས་ཀྱི་བརྩེ་བའི་འགྱུར་ཁུག་དབྱངས་སུ་གྱེར་མཁན་གྱི་དབྱངས་སྙན་ཁུ་བྱུག་སྔོན་མོ་དེ་ཡིན། དབྱར་གསུམ་མེ་ཏོག་གི་ཀློང་ན། རྩྭ་ཐང་ནི་སྣ་བརྒྱའི་མེ་ཏོག་ནང་གི་ཡིད་འོང་པད་མ་དེ་ཡིན། སྟོན་གསུམ་འབྲས་ལྡན་གྱི་མཚམས་སུ། རྩྭ་ཐང་ནི་ལས་ལ་བརྩོན་ཞིང་དཔལ་ངར་ལྡན་པའི་ཨ་ཁུ་འབྲོག་པའི་བློ་ཐུབ་ཀྱི་གྲོགས་པོ་ཁ་གསལ་གཏིང་གསལ་དེ་ཡིན།

སྐབས་དང་སྐབས་སུ། ངས་འདི་ལྟར་བསམས། གལ་ཏེ་ང་རང་སྙན་ངག་པ་ཞིག་ཡིན་ན། ངས་རྗོད་བྱེད་ཚིག་གི་ཕྲེང་བར་བརྟེན་ནས་བརྗོད་བྱ་ཕ་ཡུལ་ལ་འབྲེལ་བའི་ལེགས་རྩོམ་མང་པོ་ཞིག་འབྲི་སྲིད། གལ་ཏེ་ང་རང་རི་མོ་བ་ཞིག་ཡིན་ན། ངས་བདེ་མོའི་སོར་རྩལ་ལ་བརྟེན་ནས་ཕ་ཡུལ་གྱི་ཡུལ་ལྗོངས་མང་པོ་ཞིག་རི་མོའི་གཟུགས་སུ་འགོད་སྲིད། གལ་ཏེ་ང་རང་སྒྱུ་རྩལ་པ་ཞིག་ཡིན་ན། ངས་འཆར་ཡན་གྱི་གཤོག་ཟུང་བརྐྱངས་ནས་ཕ་ཡུལ་ལ་འབྲེལ་བའི་སྒྱུ་རྩལ་གྱི་མཛེས་པ་མང་པོ་ཞིག་བློ་བསླངས་བྱ་སྲིད། གལ་ཏེ་ང་རང་གླུ་པ་ཞིག་ཡིན་ན། ངས་སྙན་མོ་དབྱངས་ཀྱི་འགྱུར་ཁུག་ལ་བརྟེན་ནས་ཕ་ཡུལ་ལ་འབྲེལ་བའི་གླུ་ཡི་མཆོད་པ་མང་པོ་ཞིག་འབུལ་སྲིད། ཕ་ཡུལ། གསོན་ན་ལུས་སེམས་རྟེན་ས། ཕ་ཡུལ། ཤི་ན་རྣམ་ཤེས་འཁོར་ས།

༼ བྱང་སྐྱ་རེངས། ༽