མི་བདེན་འཇིག་རྟེན་སྒྱུ་མའི་གྲོང་ཁྱེར་འདི་རུ།།
རྣམ་རྟོག་འདྲེ་མོས་བསླུ་བྲིད་ཤིན་ཏུ་རྒོད་ལ།།
སོམ་ཉི་སྐྲ་ལོའི་ནགས་ཚལ་ཇི་ཙམ་སྟུག་ཀྱང་།།
དད་པ་རི་ལས་བརྟན་པའི་སྙན་ངག་ངས་འབྲི།།
འཁོར་བ་བྱེ་མའི་ཐང་དུ་ཡུན་གྱིས་བསྡད་པས།།
རེ་དོགས་ཉི་མས་འཚིག་ཅིང་ཐན་པས་གདུང་ལ།།
ཆཊ་སྡང་ཆར་ཆུས་བརླན་ཞིང་གྲང་བས་མནར་ཡང་།།
ངེས་འབྱུང་མེ་ཏོག་འདྲ་བའི་སྙན་ངག་ངས་འབྲི།།
དར་རྒུད་འགྱུར་བ་མོད་པ་སྲིད་པའི་གྲོང་ནས།
རིགས་མཐུན་སྐྱེ་བོ་དག་དང་ལྷན་གཅིག་འགྲོག་དུས།།
ངོ་འཛུམ་སེམས་མི་འཛུམ་པའི་སྣང་ཚུལ་མཐོང་ཡང་།།
ཁྲེལ་གཞུང་ཆུ་ལས་རིང་བའི་སྙན་ངག་ངས་འབྲི།།
ཐོབ་ཤོར་མི་ཚེའི་བྱ་གཞག་ཆུ་ཡི་གཉེར་མ།།
དགའ་སྐྱོ་འཚོ་བའི་ཕྱི་ནང་སྟོན་གྱི་གནམ་ངོ།།
རི་གྲོང་འུར་ཟིང་གཉིས་ཀྱིས་ཡོམ་ཡོམ་བསྒུལ་ཀྱང།།
གུ་ཡངས་དཔལ་གྱིས་ཕྱུག་པའི་སྙན་ངག་ངས་འབྲི།།
ཐུབ་བསྟན་རྣལ་མའི་ཆོས་ཚུལ་འཛིན་ཞིང་སྤེལ་ལ།།
ལོག་སྨྲའི་སེང་རས་བྲལ་བ་དམ་པའི་ངང་ཚུལ།།
ཡི་གེའི་ཐ་སྙད་ཙམ་གྱིས་མཚོན་ནུས་མིན་ཡང་།།
བསྟོད་ཚོགས་སྒྲོ་སྐུར་བྲལ་བའི་སྙན་ངག་ངས་འབྲི།།
ལུངས་རྟོགས་བསྟན་ལ་གཅེས་པ་སྟོན་པ་ཉིད་བཞིན།།
མདོ་སྔགས་ཆོས་ཚུལ་འཆད་པ་ཆུ་བོའི་རླབས་རེད།།
ཟབ་དོན་ཆོས་ཀྱི་དེ་ཉིད་རྟོགས་པ་དཀའ་རུང་།།
གཙུག་ལག་འོད་ལ་ཞེན་པའི་སྙན་ངག་ངས་འབྲི།།
སྣ་བརྒྱའི་མེ་ཏོག་བཀྲ་བ་དབྱར་གྱི་དཔལ་ཡོན།།
འབྲས་ལྡན་དགེ་ཞིང་ཤིས་པ་སྟོན་གྱི་ངང་ཚུལ།།
གྲང་ཡང་སྣང་བ་བདེ་བ་དགུན་གྱི་རང་བཞིན།།
ལེགས་པ་དཔྱིད་ཀྱི་ཕོ་ཉའི་སྙན་ངག་ངས་འབྲི།།
ཚོགས་གསུམ་དལ་རྟེན་ལུས་ལ་རྒྱན་གྱིས་སྤུད་པ།།
ལོ་གསུམ་བྱིས་པ་དགའ་བའི་ཆེད་དུ་མིན་ཏེ།།
ཤེས་ལྡན་གཞོན་ནུ་སྔུན་ལ་རབ་ཏུ་མཛེས་པའི།།
སྲོལ་རྒྱུན་མཛེས་མའི་སྙན་ངག་ངས་འབྲི་ངས་བྲི།།
ཆོས་ཉིད་དོན་དམ་དབྱིངས་སུ་ཐ་སྙད་མེད་ལ།།
ཡིན་ལུགས་དངོས་པོའི་གཤིས་ལ་ཚོར་བ་མ་གྲུབ།།
འོན་ཀྱང་སྒྱུ་མའི་ཕོ་བྲང་མ་འཇིག་བར་དུ།།
བདག་གི་སྙན་ངག་འདི་ལ་འཛད་པ་མེད་དོ།།
༼ འབྲུག་ཕྲུག། ༽