སློབ་གསོའི་འདུ་ཤེས་སྔོན་ཐོན་ནང་དུ་དྲངས།། སློབ་ཁྲིད་བྱེད་ཐབས་བཟང་པོ་ལག་ལེན་བསྟར།།
སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བརྒྱད་ཟིལ་རྫོང་གི་ནུབ་བྱང་རྒྱུད་ཀྱི་གངས་རིའི་འདབས་སུ་རྫོང་གི་མཐོ་རིམ་སློབ་འབྲིང་ཆགས་ཡོད། རྒྱལ་ཁབ་ཀྱི་སློབ་གསོའི་ལྟ་སྐྱོང་སྲིད་ཇུས་བཟང་པོའི་སྦྲང་ཆར་འཇོ་བ་དང་བསྟུན་ནས་སློབ་རའི་མེ་ཏོག་སྐྱེད་ཚལ་དེར་སློབ་མ་བུང་བུའི་ཚོགས་ཀྱིས་ཤེས་བྱའི་སྦྲང་རྩི་ངོམས་པ་མེད་པར་བཏུང་དང་འཐུང་བཞིན་ཡོད། ལོ་གསུམ་གྱི་སྔོན་ལ། ཧྲེན་ལེང་གིས་རྒྱལ་ཁབ་ཀྱི་ཡུལ་སྡེ་དར་རྒྱས་ཡོང་བའི་སློབ་གསོའི་ཤེས་ལྡན་མི་སྣའི“དཔུང་སྒྲིག་རྣམ་པའི”རོགས་སྐྱོར་སྲིད་ཇུས་དང་ལེན་ཧུར་ཐག་བྱས་ཏེ་ལེ་བར་སྟོང་ཕྲག་མང་པོ་བརྒལ་ནས་ས་གནས་དེ་ག་རུ་སློབ་སྐྱོར་གྱི་ལས་ལ་ཞུགས་ཏེ་ཤེས་རིག་གི་སྒྲོན་མེ་སྦར་ནས་སློབ་མ་ཚོའི་མ་རིག་མུན་པ་སེལ་བའི་དགེ་བའི་ལམ་སྟོན་པ་ཞིག་གྱུར། ལུས་ལ་དཀའ་ངལ་ཡོད་ཀྱང་། སེམས་སུ་རེ་བས་ཁེངས། 2022ལོའི་ཟླ་བ་བརྒྱད་པར་བརྒྱད་ཟིལ་རྫོང་མཐོ་རིམ་སློབ་འབྲིང་དུ་སླེབས་མ་ཐག་པའི་ཧྲེན་ལེང་གིས་མཐོ་རིམ་སློབ་འབྲིང་གསུམ་པའི་སློབ་ཁྲིད་དང་སློབ་གཙོ་དོ་དམ་ལས་དོན་དང་ལེན་བྱས་པ་རེད། སློབ་མའི་རྨང་གཞི་ཞན་པ་དང་སྒུལ་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ལ་འཕྲད་སྐབས་ཧྲེན་ལེང་གིས་རྨང་གཞི་ཞན་པའི་སློབ་མར་དམིགས་ཏེ་དེའི་སྐོར་གྱི་སློབ་ཁྲིད་བྱེད་སྟངས་ལ་ཞིབ་འཇུག་ཧུར་ཐག་བྱས་ནས་སློབ་ཁྲིད་བྱ་ཐབས་གོ་ཆོད་པོ་བཏོན་པར་མ་ཟད། ཉམས་མྱོང་དེ་ཞིབ་ཕྲའི་ལས་ཀ་ནང་སྤྱོད་འགོ་བརྩམས་པ་རེད།
མཐོ་གསུམ་ནི་མཐོ་འབྲིང་ལོ་གསུམ་པོའི་ཁྲོད་འགག་རྩའི་ལོ་ཞིག་ཡིན་པས། སློབ་མ་ཚོར་སྣེ་ཁྲིད་ཇི་ལྟར་བྱ་དགོས་ཚུལ་ཐད་ཧྲེན་ལེང་གིས་ཐབས་མཁས་པས་གནད་དུ་འཁེལ་བའི་སློབ་ཁྲིད་བྱེད་སྟངས་སྤྱད་དེ་ཉམས་མྱོང་བཞི་བསགས་པ་སྟེ། གཙོ་གནད་བསྒྱུར་འབེབས་དང་། དོན་འཁྱོལ་ལ་མཐོང་ཆེན། འཚོལ་ཞིབ་ལ་འཚམ་པ། གཅེས་སྐྱོང་འདྲེས་པ་བཅས་རེད། མཐོ་རྒྱུགས་ནི་མ་གཞི་སློབ་མའི་བསམ་གཞིག་ནུས་པར་ཞིབ་བཤེར་ཐེངས་གཅིག་ཡིན་པས། སློབ་ཁྲིད་ཁྲོད་ངེས་པར་དུ་སློབ་མའི་རྨང་གཞིར་གཞི་ཚུགས་ནས་སློབ་མའི་བསམ་གཞིག་སྐུལ་སློང་བྱ་དགོས། ཧྲེན་ལེང་གིས“སློབ་ཁྲིད་བྱེད་སྟངས་ཀྱི་ཉམས་མྱོང་བཞི”དང་རང་ཉིད་ཀྱིས་ཧང་ཀྲོའུ་རུ་བསགས་པའི་སློབ་ཁྲིད་ཉམས་མྱོང་བཟང་པོ་ལ་གཞིགས་ནས་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བའི་བྱ་ཐབས་ནུས་ལྡན་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ་དང། ཁོང་གིས་སློབ་མའི་གནས་ཚུལ་ལ་གཞིགས་ཏེ་ཚོ་ཆུང་བགོས་ནས་ཁྱད་པར་ལྡན་པའི་ལས་འགན་ཇུས་འགོད་བྱས་ཏེ་དུས་བཀག་ལྟར་སློབ་ཁྲིད་ཀྱི་ཕན་འབྲས་ལ་ཞིབ་བཤེར་བྱས་པར་མ་ཟད། དྲང་ཕྱོགས་ཀྱི་སྐུལ་ལྕག་གནང་ནས་སློབ་སྦྱོང་གི་སྒུལ་ཤུགས་བསླངས་པ་རེད། ཐབས་ཤེས་དེས་སློབ་ཁྲིད་ཁྲོད་མཉམ་འགུལ་རང་བཞིན་དང་སློབ་མ་ཞུགས་ཚད་ཇེ་ཆེར་བཏང་ཡོད། སློབ་ཚན་གྱི་ནང་དོན་མ་བརྩིས་པའི་སློབ་མའི་སློབ་སྦྱོང་གི་གནད་དོན་ལ་དམིགས་ནས། སློབ་སྐྱོར་དཔུང་ཁག་གིས་རྒྱབ་སྐྱོར་རོགས་རམ་ཚད་མེད་གནང་བ་རེད། སློབ་ཁྲིད་དུ་སློབ་མའི་འདྲི་བར་ལན་འདེབས་པ་དང་། གཞུང་ལས་ཁང་དུ་བོས་ནས་ཆེད་དོན་ཟུར་ཁྲིད་བྱས་པ། སྔོན་གྱི་མཐོ་རྒྱུགས་རྒྱུགས་ཤོག་གི་ནང་དོན་ལ་གཞིར་བཟུང་ནས་སློབ་མའི་ཆུ་ཚད་དང་འཚམ་པའི་ཆེད་དོན་བསྐྱར་སྦྱོང་རྒྱུགས་ཤོག་བཟོས་པ། དགོང་ཚོགས་སུ་སློབ་མའི་ལས་བྱ་ཁྲོད་ཀྱི་དོགས་འདྲི་སེལ་བ་སོགས་སློབ་མའི་སློབ་སྦྱོང་དང་འཚོ་བ་གང་སར་ངང་རྒྱུད་རིང་པོ་དང་བསམ་པ་རྣམ་དག་གིས་ཞབས་ཕྱི་བསྒྲུབས་པ་རེད། ཧྲེན་ལེང་གིས་འཆད་ཁྲིད་སྟེགས་བུར་ལངས་ནས་སློབ་མ་ཚོར་རང་གི་ཅི་འཇོན་གང་འཇོན་གྱིས་སློབ་ཁྲིད་བྱེད་པ་ནི་རང་ལ་མཚོན་ན་ཆེས་དོན་སྙིང་ལྡན་པའི་དོན་ཞིག་ཡིན་ཞེས་བཤད།
2024ལོར། སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྒྱུད་བརྒྱད་ཟིལ་རྫོང་མཐོ་རིམ་སློབ་འབྲིང་གིས་མཐོ་རྒྱུགས་ཁྲོད་འབྲས་བུ་གཡུར་དུ་ཟ་བ་ཐོབ་པར་མ་ཟད། སློབ་གཉེར་ཆ་རྐྱེན་ཐད་ལའང་ལེགས་བཅོས་ཆེན་པོ་བྱུང་ཡོད། སློབ་གྲྭས་ཕྱོགས་བསྡུས་ཚོགས་ཁང་དང་། ཆིང་ལེན་ལས་སྒྲུབ་ཁང་། ཕབ་གཏོང་སློབ་ཁང་སོགས་རྨང་གཞིའི་འཛུགས་སྐྲུན་ལས་ཚན40ལྷག་སྤེལ་བར་མ་ཟད། ཀྲེ་ཅང་གིས་སི་ཁྲོན་ལ་རོགས་སྐྱོར་བྱས་པའི་མཆོང་རྒྱུག་ཐང་ཉམས་གསོ་སྒྱུར་བཀོད་ཀྱི་ལས་ཚན་རག་ཡོད།
སློབ་གསོའི་རྩ་བ་དགེ་རྒན་རག་ལས་པས།།
དགེ་རྒན་གསོ་སྐྱོང་ལས་ལ་ཧུར་ཐག་འབད།།
སློབ་མ1600ལྷག་ཤོང་བའི་བརྒྱད་ཟིལ་རྫོང་མཐོ་རིམ་སློབ་འབྲིང་ནི་ཤེས་བྱའི་ཕོ་བྲང་ཞིག་ཡིན་པར་མ་ཟད། བརྒྱད་ཟིལ་རྫོང་དང་ལྷག་པར་དཀར་མཛེས་ཁུལ་གྱི་གཞོན་ནུ་ལོ་ཆུང་ཚོའི་ཕུགས་འདུན་གྱི་གཤོག་ཟུང་བརྐྱང་ས་ཡང་གྱུར་ཡོད། ཧྲེན་ལེང་གིས་དགེ་རྒན་ནི་སློབ་མའི་མ་རིག་མུན་པ་སེལ་བའི་སྒྲོན་མེ་ཡིན། དགེ་རྒན་གྱི་ཕྲག་ཐོག་གི་འགན་འཁྲི་ནི་ཧ་ཅང་ལྕི། སློབ་སྐྱོར་ལས་དོན་ཁྲོད་དགེ་རྒན་གསོ་སྐྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན། བརྒྱད་ཟིལ་དུ་སླེབས་རྗེས། ང་ཚོས་མྱུར་དུ་དགེ་རྒན་བར་དགེ་སློབ་ཀྱི་འབྲེལ་བ་བཙུགས་ཏེ། རྐང་འཛིན་པ་གསོ་སྐྱོང་དང་། གཙོ་ཤུགས་པ་སྟོབས་ཆེན། རང་བརྟེན་སྟོབས་འཕེལ་བཅས་དམིགས་འབེན་དུ་བྱས་ཏེ། ཧང་ཀྲོའུ་དགེ་རྒན་གྱིས་ཚན་ཆུང་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་དུ་བཅུག་པ་ཡིན། རིམ་པ་མང་པོའི་མཉམ་འགུལ་སྤེལ་རེས་བརྒྱུད་ན་གཞི་ནས་ཕྱོགས་གཉིས་ཀའི་ནུས་པ་འཕེལ་རེས་ཡོང་བ་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད།
ཧྲེན་ལེང་གིས་དགེ་རྒན་གྲགས་ཅན་དང་སློབ་གཙོ་གྲགས་ཅན་གྱི་ལས་དོན་ཁང་བཙུགས་ཏེ། དགེ་རྒན་ལོ་ཆུང་ཚོར་བརྒྱུད་ཁྲིད་རོགས་གསུམ་བྱས་ཏེ་སློབ་ཁྲིད་ཀྱི་ཕན་འབྲས་བཏང་། སློབ་གསོ་གཞི་སྟེགས་དང་ལས་དོན་ཁང་གི་བྱེད་སྒོ་གོ་སྐབས་སུ་བརྩིས་ཤིང་། “སྡེ་ཚན་སློབ་ཁྲིད”ཐབས་ལམ་དུ་བྱས་ཏེ་བརྒྱད་ཟིལ་གྱི་སློབ་མར་དེང་རབས་ཅན་གྱི་སློབ་གསོ་ཐོབ་པའི་གོ་སྐབས་བསྐྲུན་ཅིང་སློབ་གསོ་བྱ་གཞག་ལ་སྟོབས་ཤུགས་བསྣན།
དཔུང་སྒྲིག་རྣམ་པའི་རོགས་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། བརྒྱད་ཟིལ་མཐོ་རིམ་སློབ་འབྲིང་གི་དགེ་རྒན་གྱི་ཆེད་ལས་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 2024ལོར་དགེ་རྒན་གྱི་ཞིང་ཆེན་རིམ་པའི་ལས་སྒོའི་འགྲན་བསྡུར་དང་ཚན་རིག་ཞིབ་འཇུག་དཔྱད་རྩོམ་བྱ་དགའ་ཐོབ་མཁན་མི30ལ་ཟིན་པས། ལོ་སྔོན་ཚོ་ལས་ལྡབ10འཕར་ཡོད། 2023ལོར་སི་ཁྲོན་ཞིང་ཆེན་མཐོ་རིམ་སློབ་འབྲིང་གི་གྲངས་རིག་སློབ་ཁྲིད་དཔྱད་རྩོམ་དཔྱད་བསྡུར་ཁྲོད་བརྒྱད་ཟིལ་མཐོ་རིམ་སློབ་འབྲིང་གི་དཔྱད་རྩོམ2ལ་ཞིང་ཆེན་གྱི་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ་ཐོབ་ནས་ཞིང་ཆེན་ནང་ཁུལ་དུ་སྔོན་ཐོན་ཆུ་ཚད་ཀྱི་གྲས་སུ་སླེབས་ཡོད། དེས་བརྒྱད་ཟིལ་རྫོང་གི་སློབ་ཁྲིད་ཞིབ་འཇུག་གྲུབ་འབྲས་ཀྱི་ལོ་རྒྱུས་རྡོ་རིང་གསར་པ་ཞིག་བཙུགས་ཡོད།
ཉིན་མཚན1000ཙམ་གྱི་རིང་ལ། ཧྲེན་ལེང་གིས་བྱམས་སེམས་དང་རྔུལ་ཆུ་ལ་བརྟེན་ནས་ཤེས་བྱའི་ས་བོན་རི་བོ་གངས་དཀར་གྱི་འདབས་ན་བཏབ་ཅིང་། ཁོང་གིས་རང་ཉིད་ཀྱི་ཉམས་མྱོང་ལ་བརྟེན་ནས་སློབ་མ་ཚོར་རྒྱང་རིང་གི་མཛེས་ལྗོངས་ལྟ་བྱེད་ཀྱི་སྒེའུ་ཁུང་རེ་རེ་ཕྱེ་ཡོད། ཕྲུ་གུ་ཚོ་དང་མ་འོངས་པའི་སྐོར་གླེང་སྐབས། ཧྲེན་ལེང་གིས་ལས་དབང་གིས་ཚེ་འདིར་ང་ཚོས་སོ་སོའི་ངོས་ནས་འཇིག་རྟེན་མི་འདྲ་བ་ཞིག་མཐོང་སོང་། དེ་ནི་སློབ་སྐྱོར་གྱི་དོན་སྙིང་ཅི་ལ་མིན་ཞེས་བཤད།
དམ་བཅའ་བརྟན་པོ་གངས་ཅན་མཐོ་སྒང་འཇོག། སློབ་མའི་རིག་ལམ་བྱམས་དང་བརྩེ་བས་འབྱེད།།
བརྒྱད་ཟིལ་མཐོ་རིམ་སློབ་འབྲིང་དུ་ལས་ཀ་བྱེད་རིང་ཧྲེན་ལེང་ལ་ལ་དུག་ཐེངས་མང་ཕོག་མྱོང་། འོན་ཀྱང་འབྱུང་འགྱུར་གྱི་ལས་དོན་སྐོར་གླེང་སྐབས་ཁོང་ལ་སྔར་བཞིན་ཡིད་ཆེས་བརྟན་པོ་ཡོད་པ་རེད། ཧྲེན་ལེང་གིས་སློབ་གསོ་ནི་དོན་དག་ཧ་ཅང་ཆེན་པོ་ཞིག་རེད། ང་ཚོའི་འགོར་འགྱངས་ཆུང་ཆུང་ཞིག་གིས་བྱིས་པའི་མི་ཚེ་གཅིག་འགོར་འགྱངས་བྱེད་སྲིད་པ་རེད་ཅེས་བརྩེ་བ་ཟབ་མོས་དེ་ལྟར་བཤད། དགེ་རྒན་ནི་སློབ་མའི་སེམས་ཀྱི་རྒྱ་ཤོག་གཙང་མའི་སྟེང་ཡི་གེ་འབྲི་མཁན་ཐོག་མ་ཡིན་པ་དེ་ཧྲེན་ལེང་གི་བྱ་སྤྱོད་ཀྱི་ཚད་གཞི་ལྟ་བུ་ཞིག་ཡིན། ཞོགས་པའི་དཔེ་ཀློག་ལྟ་སྐུལ་ནས་སློབ་ཐུན་མཚམས་གྱི་ལུས་པོ་སྦྱོང་བརྡར། འཕྲོད་བསྟེན་དོ་དམ་ནས་སློབ་མའི་ཟ་མ་བཟའ་སར་ལྟ་སྐུལ་སོགས་བྱ་བ་ཆེ་ཆེ་ཆུང་ཆུང་ཚང་མ་ལ་ཁོང་གིས་མས་བུར་སེམས་ཁུར་བྱས་པ་ལྟར་བརྩེ་བ་ཟབ་མོ་བཅངས་ཏེ། རང་དཔེ་གཞན་སྟོན་གྱི་བྱ་སྤྱོད་དངོས་ལ་བརྟེན་ནས་སློབ་མ་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད་ཀྱིན་ཡོད། ཁོང་གིས་སློབ་མའི་ཆེད་དུ་ངས་བྱ་བ་ཅི་ཡང་རུང་བ་བསྒྲུབ་ངེས་ཡིན་ཞེས་བཤད། གཞན་ཕན་ནི་སློབ་གསོའི་རྩ་བ་ཡིན། གཞན་ཕན་ནི་སློབ་གསོ་ལེགས་འགྲུབ་འབྱུང་བའི་གཞི་དང་མན་ངག་ཀྱང་ཡིན། ཧྲེན་ལེང་ལ་མཚོན་ན་སློབ་གསོ་ནི་སློབ་མར་བསླབ་པ་སྩོལ་ཅིང་དོགས་པ་སེལ་བ་ཙམ་མ་ཡིན་པར། བྱམས་དང་བརྩེ་བས་རིག་ལམ་འབྱེད་པ་གཙོ་བོ་ཡིན་པར་ཡིད་ཆེས་ཟབ་མོ་ཡོད། ཁོང་གིས“ཆ་ཚང་གསུམ”ཏེ་སློབ་མ་ཆ་ཚང་དང་བརྒྱུད་རིམ་ཆ་ཚང་། ཕྱོགས་སྣ་ཆ་ཚང་བའི་ཀུན་སྤྱོད་སློབ་གསོའི་འདུ་ཤེས་དར་སྤེལ་བཏང་ནས་སློབ་མ་ཚང་མ་འཚར་ལོངས་ཡོང་བར་དོ་ཁུར་བྱེད་པ་དང་། “སྤྱོད་པ་གསུམ”ཏེ་སེམས་དང་བརྩེ་བ། བྱམས་པ་སྤྱད་པའི་སློབ་གསོ་བྱེད་ཐབས་བཀོལ་ནས་སློབ་གསོར་དྲོད་ཁོལ་བྱིན།“གསོ་བ་གསུམ”ཏེ་བྱ་སྤྱོད་དང་རང་རྒྱུད། སེམས་རྒྱུད་གསོ་བ་སློབ་གསོའི་དམིགས་འབེན་བྱས་ཏེ་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས། སློབ་གྲྭའི་དོ་དམ་པ་ཞིག་ཡིན་པའི་ངོས་ནས་ཁོང་གིས“དྲོད་ཁོལ་འཛོམས་པའི་ལམ་ལུགས”དར་སྤེལ་བཏང་ཡོད། དགེ་རྒན་ཕན་ཚུན་རང་མོས་ངང་སློབ་ཁྲིད་ཉན་སར་འགྲོ་བ་དང་སློབ་ཁྲིད་བྱེད་སྟངས་སྣ་མང་སྤེལ་བ་སོགས་ཀྱིས་དགེ་རྒན་གྱི་བཀག་རྒྱ་གཏོར། འཆད་སློབ་གཉིས་འཕེལ་དང་རང་མོས་གྲོས་བསྡུར་མཉམ་གནས་ཀྱིས་སློབ་ཞིབ་ཀྱི་གསོན་ཤུགས་བསླངས། དགེ་སློབ་ཚོས་ནམ་རྒྱུན་སློབ་གཙོ་ཧྲེན་ལེང་གིས་ང་ཚོར་ཤེས་རིག་ཡོན་ཏན་བསྩལ་པ་རྐྱང་རྐྱང་མ་ཡིན་པར་དེ་ལས་གཙོ་ཆེ་བ་ནི་མི་བཟང་པོ་ཞིག་ཇི་ལྟར་བྱ་རྒྱུ་དེ་རེད་ཅེས་འཆད་བཞིན་ཡོད།
མཚན་སྙན་གྲགས་ཐོབ་རུང་། ཐོག་མའི་བསམ་འདུན་བརྗེད་མེད། ཉེ་བའི་ལོ་ཤས་རིང་། ཧྲེན་ལེང་སྔ་རྗེས་སུ་ཀྲེ་ཅང་ཞིང་ཆེན་གྱི་དགེ་རྒན་ལས་རིགས་ཀྱི་མི་སྣ་གསར་པ་དང་། ཀྲེ་ཅང་གི་དགེ་རྒན་གྲགས་ཅན་གསོ་སྐྱོང་བྱ་ཡུལ་གྱི་ཕུལ་བྱུང་མི་སྣ། ཀྲེ་ཅང་ཞིང་ཆེན་དགེ་རྒན་གྲགས་ཅན་དྲྭ་རྒྱའི་ལས་དོན་ཁང་གི་རིག་ཚན་སྣེ་ཁྲིད་པ། ཧང་ཀྲོའུ་གྲོང་ཁྱེརCརིགས་ཀྱི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་སོགས་ལ་བདམས་ཐོན་བྱུང་བ་རེད། ལོ་རེ་བཞིན་གྱི་མཐོ་རྒྱུགས་ཐོན་ལ་ཉེ་དུས། ཧྲེན་ལེང་ལ་བརྒྱད་ཟིལ་མཐོ་རིམ་སློབ་འབྲིང་གི་སློབ་མ་ཚང་མས་རང་གི་རེ་འདོད་དང་མཐུན་པའི་རྒྱུགས་འབྲས་ཕུལ་ཏུ་བྱུང་བ་ལོན་པའི་རེ་བ་ཁེངས་ཡོད། ཁོང་གིས་བློ་གཅིག་སེམས་གཅིག་གིས་སློབ་གསོ་གཉེར་ན་སློབ་མ་ཚོ་རང་རང་སོ་སོའི་མདུན་ལམ་ཁྲོད་གང་ལ་གང་འཚམ་གྱིས་རིན་ཐང་མངོན་ཐུབ། ཆེས་རྒྱུན་ལྡན་གྱི་ལས་རིགས་ཁྲོད་ཆེས་ངོ་མཚར་ལྡན་པའི་མི་ཚེའི་རིན་ཐང་མངོན་ཐུབ་ཞེས་བཤད།
ཧྲེན་ལེང་གི་ལུས་སྟེང་ནས་ང་ཚོས་དགེ་རྒན་ཞིག་གི་ལས་ལ་བརྩོན་པའི་སྙིང་སྟོབས་མཐོང་ཐུབ་པར་མ་ཟད། ཞའོ་ཧྲན་སློབ་སྐྱོར་གྱི་དགེ་རྒན་གང་མང་མང་ཞིག་གིས་ཀུན་སྤྱོད་ཀྱིས་མི་སྐྱོང་བའི་འདུ་ཤེས་རྒྱུན་འཁྱོངས་པའི་བསྡུས་གཟུགས་ཀྱང་མཐོང་ཐུབ་པ་ཡིན་ནོ།།
(སྐལ་བཟང་རྒྱ་མཚོས་བྲིས།)