(ཁམས་པའི་འཛུམ་མདངས་སྤྱིའི་འདོན་ཐེངས་ཞེ་བརྒྱ་བདུན་བཅུའི་པར་ངོས་གཉིས་པའི་འཕྲོར་མཐུད།)
གླེན་ནད་(AD)ནི་ལོ་ན་དང་འབྲེལ་བ་ཡོད་པའི་ནད་ཅིག་སྟེ་དྲན་ཤེས་མི་གསལ་བ་དང་། ཤེས་རྟོགས་ནུས་པ་ཡལ་བ། འགུལ་སྤྱོད་ལ་བར་གཅོད་པ་སོགས་ཀྱི་རྟགས་ཐོན་པ་ཡིན། ནད་འདི་དེང་སང་ད་དུང་ཕན་ཐོགས་ཡོད་པའི་སྨན་བཅོས་བྱེད་ཐབས་དམིགས་གསལ་བ་རྙེད་མེད། འོན་ཀྱང་བཟའ་བཏུང་ལྟ་བུའི་འཚོ་བའི་རྒྱུ་རྐྱེན་ལ་བཟོ་བཅོས་བྱས་པར་བརྒྱུད་ནས་ཕལ་མོ་ཆེའི་ནད་གཞི་ལེགས་པའི་ཕྱོགས་སུ་བསྒྱུར་ཐུབ་བཞིན་ཡོད། ཞིབ་འཇུག་བྱེད་མཁན་ཚོས་ནས་ཀྱི་གྲུབ་རྫས་β-རྒུན་འདུས་ཧྭགས་སོགས་ཀྱིས་འདི་ལ་ཕན་ཐོགས་འབྱུང་བའི་གནས་ལུགས་དང་དཔང་རྟགས་རྙེད་ཡོད་དོ།། ད་ལྟར་མིའི་རིགས་རྒས་འཁོགས་མང་བའི་སྤྱི་ཚོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ལ་བགྲེས་པོའི་ལུས་པོ་བདེ་ཐང་ནི་སྤྱི་ཚོགས་ཡོངས་ཀྱི་གནད་དོན་གལ་ཆེན་པོ་ཞིག་ཏུ་གྱུར། ནས་ནི་འཚོ་བཅུད་ཤིན་ཏུ་མང་པོ་འདུས་པའི་འབྲུ་རིགས་ཤིག་སྟེ། དེ་ལ་ཁྲག་དང་། མཆིན་པ། མཁལ་མ་སོགས་གསོ་བའི་ནུས་པ་བཟང་པོ་ཡོད་པས་མི་ཚོས་མཐོ་སྒང་གི་གསེར་གྱི་འབྲུ་རིགས་ཞེས་བསྟོད། དེར་མི་ལུས་ལ་མཁོ་དགོས་ཆེ་བའི་ཨེམ་རྨང་སྐྱུར་དང་། ཐཱན་ཆུའི་འདྲེས་འགྱུར་རྫས། བཟའ་བཅའི་ཚིན་རྒྱུ། གཏེར་རྫས། ཝེ་འཚོ་རྒྱུ་སོགས་འཚོ་བཅུད་ཀྱི་ཆ་དང་ལྡན་ལ་དབྱང་འགྱུར་ཟློག་པ་དང་། ཁྲག་ཤེད་ཕབ་པ། ཁྲག་སྤྲི་གཅོག་པ། ཁྲག་གི་མངར་ཆ་གཅོག་པ། འབྲས་སྐྲན་གྱི་ཕྲ་ཕུང་ཚོད་འཛིན་བྱེད་པ་སོགས་ཀྱི་ནུས་པ་ཡོད་ཅིང་། ནས་ཀྱི་བཟའ་བཏུང་ལོངས་སུ་སྤྱད་པས་མི་བགྲེས་པོའི་རིམས་ཐར་ནུས་ཤུགས་འཕར་བ་དང་། ཁྲག་སྤྲི་ཁྲག་ཤེད་མར་གཅག་པ། ཟ་མ་འཇུ་དང་སྡུད་ལེན་ལ་སྐུལ་འདེད་ཐེབས་པ་སོགས་ཀྱི་བྱེད་ནུས་ཐོན་པས་བགྲེས་པོའི་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད། ཚོད་ལྟ་མང་པོས་ནས་ལས་ཕྱུངས་པའི་དངོས་རྫས་ཀྱིས་སེམས་ཅན་རྒ་བ་དང་དབྱང་འགྱུར་འགོག་ཐུབ་པའི་བདེན་དཔང་རྙེད་དོ།།