དེ་བཞིན་དུ་ནས་ཀྱིས་རྒྱུ་མའི་ནང་གི་སྲིན་ཁྱུ་སྙོམ་སྒྲིག་བྱེད་པ་སྟེ། ཞིབ་འཇུག་བྱས་པ་ལས། ནས་ཀྱི་བཟའ་བཅའི་ཚི་སྣ་དང་ཧྥུན་མང་རྣམས་ནི་རྒྱུ་ནག་ཏུ་འཇུ་ལེན་བྱེད་དཀའ་བས་ཕལ་མོ་ཆེ་རྩམ་རྒྱུ་རུ་སླེབས་ལ། དེ་དག་རྩམ་རྒྱུར་སླེབས་རྗེས་དེ་ན་སྐྱེ་དངོས་ཕྲ་རབ་ཁྱུ་དང་ཕན་ཚུན་བྱེད་ནུས་བཏོན་ནས་ཕན་ཐོགས་ཡོད་པའི་སྐྱེ་དངོས་ཕྲ་རབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་དང་། གནོད་པ་ཡོད་པའི་སྐྱེ་དངོས་ཕྲ་རབ་ཀྱི་འཕེལ་རྒྱས་ལ་བཀག་འགོག། རྒྱུ་མའི་སྐྱེ་དངོས་ཕྲ་རབ་སྙོམ་སྒྲིག་དང་དོ་སྙོམས་པར་བྱེད་པ་སོགས་ཀྱི་བྱ་བ་བྱས་ཏེ། ཤ་རྒྱགས་པའི་ནད་དང་རྙིང་འདོར་བྱེད་པའི་ཐད་ཀྱི་ནད་རིགས་རྣམས་སྔོག་འགོག་བྱེད་ཅིང་ནད་འཁྲིད་པའི་སྐྱེ་དངོས་ཕྲ་རབ་རྣམས་གཞོམ་པ་སོགས་ཀྱི་ཕན་ཐོགས་སྒྲུབ་བཞིན་ཡོད་པ་མངོན། དེ་བས་ནས་ཀྱིས་རྒྱུ་མ་ནང་གི་སྐྱེ་དངོས་ཕྲ་རབ་ཁྱུ་སྙོམ་སྒྲིག་དང་ཆ་སྙོམས་པར་བྱས་ཏེ་མི་ཡི་ལུས་གཟུགས་བདེ་ཐང་སྐུལ་འདེད་བྱེད་ཐུབ་པ་ཡིན་ནོ། །སྙིང་རྩའི་ནད་རིགས་དག་ནི་ཞག་རྩི་རྙིང་རོ་འདོར་བ་ལུགས་མཐུན་མིན་པར་གྱུར་པ་དང་འབྲེལ་བ་དམ་པོ་ཡོད་ཅིང་། ནས་ཀྱི་β-རྒུན་འདུས་ཧྭགས་ལ་ཞག་རྩི་རྙིང་འདོར་བྱེད་པ་སྙོམ་སྒྲིག་བྱེད་པའི་ནུས་པ་མངོན་གསལ་དོད་པོ་ཡོད། དེང་སང་ཐུན་མོང་གི་འདོད་ཚུལ་ལ་β-རྒུན་འདུས་ཧྭགས་ཀྱི་སྙིང་རྩའི་ནད་རིགས་བཅོས་པར་རོགས་འདེགས་བྱེད་ཚུལ་གཙོ་བོ་ནི་ཁྲག་གི་ནང་དུ་སྤྱིའི་མཁྲིས་ཟུངས་ཕྲུན་(TC)དང་LDL-Cཞེས་པའི་བྱེ་བྲག་གི་མཁྲིས་ཟུངས་ཕྲུན་གཉིས་ཀྱི་འདུས་ཚད་མར་མངོན་གསལ་དོད་པོར་གཅག་པ་དང་། མཁྲིས་ཟུངས་ཕྲུན་གྱི་བྱེ་བྲག་གཞན་HDL-Cཞེས་པ་ཞིག་གི་འདུས་ཚད་ཇེ་མང་གཏང་བ་བཅས་ཡིན། ཞིབ་འཇུག་ཤིན་ཏུ་མང་པོ་ལས་ནས་ལས་བྱུང་བའི་β-རྒུན་འདུས་ཧྭགས་ལ་མཁྲིས་ཟུངས་ཕྲུན་སྤྱི་དང་བྱེ་བྲག་LDL-Cགཉིས་མར་གཅག་པའི་བྱེད་ནུས་དམིགས་བསལ་བ་ཡོད་པ་མངོན་ནོ།།
གཞན་ཡང་ནས་ཀྱི་ལོ་འདབ་མ་ཤིང་སྔོན་གྱི་ལྗང་བུ་དང་འབྲུའི་པགས་པ་སོགས་ཀྱང་རིན་པོ་ཆེའི་ནོར་བུ་སྟེ། ནས་ཀྱི་ལོ་འདབ་ལི་སྨི་བཅོ་ལྔ་ནས་ལི་སྨི་སུམ་ཅུ(༡༥—༣༠)བར་དུ་སྐྱེས་པ་ཤིང་མེད་པའི་དུས་སུ་བཟའ་བཅའི་ཚི་སྣ་དང་། སྤྲི་དཀས་རྫས། གཏེར་རྒྱུ། β-གུང་ལ་ཕུག་གི་ཉིང་རྩི། ཧྥུན་མང་། འཚོ་བཅུད་སོགས་ཕན་ཐོགས་ཡོད་པའི་རྫས་ཆ་རྣམས་ཚད་མཐོན་པོར་བསོགས་ཟིན་པས། རྫས་ཆ་དེ་དག་དང་འབྲེལ་བ་ཡོད་པའི་བདེ་ཐང་རབ་དང་རིམ་པ་ལ་ཕན་ཐོགས་ཡོད་པ་སྟེ། དཔེར་ན། འབྲས་སྐྲན་འགོག་པ། དབྱང་འགྱུར་འགོག་པ། གཅིན་པ་མངར་འགྱུར་གྱི་ནད་འགོག་པ། ཡིད་མུག་པའི་ནད་འགོག་པ་སོགས་ལྟ་བུ། དེ་བས་ནས་ཀྱི་ལྗང་བུ་གསར་པ་ནི་རང་བྱུང་གི་བདེ་ཐང་བཟའ་བཅའ་ཞིག་ཡིན། དེ་བཞིན་དུ་ནས་འབྲུའི་པགས་པ་ལའང་འཚོ་བཅུད་སྣ་ཚོགས་འདུས་པས་དེ་དག་ལོགས་སུ་ལས་སྣོན་བྱས་ན་དཔེར་ན། ནས་ཀྱི་བཟའ་བཅའི་ཚི་སྣ་མཐོན་པོ་ཅན་གྱི་བུ་རམ་དང་། བཏུང་བ། གཙོ་ཟས། ཞོར་ཟས་སོགས་ཟས་བཅུད་ཕུན་སུམ་ཚོགས་ཤིང་བདེ་ཐང་ལ་ཤིན་ཏུ་སྨན་པའི་ཟས་དམིགས་བསལ་ཅན་དུ་འགྱུར་རུང་བ་ཞིག་གོ།
(ལྔ་པ) ནས་ཀྱི་སྤྱོད་སྒོ། དེ་སྔོན་ཕན་ཆད་ནས་ཀྱི་རིགས་སུ་གཏོགས་པའི་འབྲུ་ཕྱི་ལྤགས་ཅན་གྱི་འཛད་སྤྱོད་གནས་ཚུལ་ལ་གཙོ་བོ་ཟས་སུ་སྤྱོད་པ་དང་། ཆང་རག་བསྙལ་བ། ཕྱུགས་ཟོག་གི་གསོ་ཆག་བྱེད་པ། ལས་སྣོན་ཐོན་རྫས་གཞན་དུ་སྤྱོད་པ་བཅས་སྤྱོད་སྒོ་ཆེན་པོ་བཞིར་དགར་སྲོལ་ཡོད། ཟས་སུ་ལོངས་སྤྱོད་སྟངས་ལ་འཛམ་བུ་གླིང་གི་རྒྱལ་ཁབ་དང་ས་ཁུལ་མི་རིགས་སོགས་མི་འདྲ་བ་ལ་དེ་གཅིག་པུའམ་གཞན་དང་བསྲེས་པའི་ཟས་སྣེ་ཁ་སྣ་ཚོགས་སུ་བཅོས་ཏེ་ལོངས་སུ་སྤྱོད་སྟངས་ཤིན་ཏུ་མང་པོ་ཡོད་པར་མ་ཟད། བཏུང་བའི་ཐད་ནས་ཀྱང་རང་རྒྱལ་གྱི་སྦི་རག་སྙོལ་བྱེད་ཁོ་ན་ལ་མཚོན་ནའང་འབྲུ་དེ་སྤྱི་ལོ་གཅིག་དགུ་གོ་གཅིག་ལོ་ནས་ལོ་རེར་ཏུན་ས་ཡ་གཅིག་ནང་འདྲེན་བྱ་དགོས་ཐུག་བཞིན་ཡོད་པ་དང་། སྤྱི་ལོ་གཅིག་དགུ་གོ་དྲུག་ལོ་ནས་འགོ་བཙུགས་ཏེ་ཉིས་སྟོང་བརྒྱད་ལོ་ཕུད་པའི་ལོ་གཞན་པ་རྣམས་ལ་རྒྱལ་ནང་ལས་ཐོན་པའི་འབྲུ་ཡིས་ཆ་མཉམ་གྱི་ལོ་རེར་ཏུན་ས་ཡ་གཅིག་དང་འབུམ་གཉིས་ཁྲི་དགུ་ལྷག་མི་འདང་བར་གྱུར་ཡོད་དོ། ། མཚོ་བོད་མཐོ་སྒང་ལས་ཐོན་པའི་ནས་ནི་གཙོ་བོ་བོད་པའི་བཟའ་བའི་རྩམ་པ་དང་བཏུང་བའི་ནས་ཆང་གཉིས་སུ་སྤྱོད་པ་ཡིན་ལ། སྤྱི་ལོ་ཉིས་སྟོང་གཉིས་ལ་ནས་ཀྱི་བསྙལ་བའི་ལྷ་སའི་སྦི་རག་བྱུང་། གངས་ཅན་ཡུལ་དུ་ནས་ཀྱི་འཛད་སྤྱོད་བྱེད་སྟངས་བོད་ལྗོངས་ལ་དཔེར་བྱས་ནས་མཚོན་ན། སྤྱི་ལོ་གཅིག་དགུ་གྱ་བདུན་ནས་ཉིས་སྟོང་བཅུ་གཅིག་གི་བར་ལོ་ངོ་ཉེར་ལྔར་བསྡོམས་པས་ཏུན་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་བརྒྱད་ཁྲི་བཞི་སྟོང་དྲུག་ཙམ་འཛད་སྤྱོད་བྱས་ཤིང་། དེ་ལས་ཟས་སུ་སྤྱོད་པར་ཏུན་ས་ཡ་བརྒྱད་དང་འབུམ་ལྔ་ཁྲི་དགུ་སྟོང་གཉིས་ལྷག་དང་། ཟོག་གཟན་དུ་འབུམ་དྲུག་དང་ཁྲི་གཅིག་སྟོང་ལྔ་ལྷག། ས་བོན་ལ་ཏུན་ས་ཡ་དགུ་དང་ཁྲི་གཅིག་སྟོང་བདུན་ལྷག། ཐོན་རྫས་གཞན་གྱི་ལས་སྣོན་དུ་སྤྱད་པར་ཏུན་ས་ཡ་གསུམ་དང་འབུམ་དགུ་ཁྲི་གསུམ་སྟོང་བདུན་ལ་ཉེ་བ་བཅས་ཡིན། ལོ་ཉེར་ལྔའི་རིང་གི་འཛད་སྤྱོད་གཙོ་བོ་ནི་མིའི་ཟས་སུ་སྤྱད་པ་སྟེ་སྤྱི་ལོ་གཅིག་དགུ་དགུ་བཅུ་ལོ་ནས་ཉིས་སྟོང་བཅུ་གཅིག་བར་ལོ་རེར་ཟས་སུ་ཏུན་འབུམ་གསུམ་ཡན་རེ་སྤྱད་ཡོད་ཅིང་། འཛད་སྤྱོད་ཀྱི་འགྱུར་བ་ཆེ་ཤོས་ནི་ལས་སྣོན་གཞན་དུ་སྤྱད་པ་ཡིན་ཏེ་ལོ་ཉེར་ལྔར་ཏུན་དྲུག་སྟོང་ལྔ་བརྒྱ་ཙམ་ནས་ཏུན་དྲུག་འབུམ་སུམ་ཁྲི་དགུ་སྟོང་སུམ་བརྒྱར་འཕར་ལ། ཁྱད་པར་དུ་ཉེ་བའི་ལོ་ལྔའི་རིང་ལ་དེ་ལས་ཀྱང་ཇེ་མཐོར་མངོན་གསལ་དོད་པོ་བྱུང་ཡོད། སྤྱིའི་ཆ་ནས་སྤྱི་ལོ་ཉིས་སྟོང་ཉེར་གཉིས་ལོར་ནས་ཀྱི་བཟའ་བཏུང་ལས་སྣོན་བྱེད་པའི་ཁེ་ལས་ཧ་ལམ་བརྒྱ་དང་སུམ་ཅུ་ཙམ་ཡོད་ཅིང་། དེ་ལས་བོད་ལྗོངས་དང་མཚོ་སྔོན་ནི་ནས་ལས་སྣོན་བྱེད་པའི་ཐོན་ལས་འཕེལ་རྒྱས་བཟང་ཤོས་ཀྱི་ལྗོངས་དང་ཞིང་ཆེན་ཡིན། ལོ་དེ་ལ་བོད་ལྗོངས་ས་ཆར་ནས་ཀྱི་ཡོང་འབོར་ཏུན་འབུམ་བརྒྱད་ཡན་མན་ལས་ཧ་ལམ་ཏུན་ཆིག་འབུམ་སུམ་ཁྲི་ལས་སྣོན་བྱས་ཤིང་མཚོ་སྔོན་ཡུལ་དུ་ནས་ཀྱི་ཡོང་འབོར་ཏུན་ཉིས་འབུམ་སུམ་ཁྲི་ལས་ཕལ་ཆེར་ཏུན་འབུམ་གཅིག་ལས་སྣོན་བྱས་ནས་བཟོ་ལས་ཐོན་རྫས་སུ་བསྒྱུར་ཡོད། མཚོ་སྔོན་གྱི་ལས་སྣོན་སྤྱོད་སྒོ་གཙོ་ཆེ་ཤོས་ནི་ནས་ཆང་བསྙལ་བ་དང་བོད་ལྗོངས་ཀྱི་ལས་སྣོན་སྤྱོད་སྒོ་ཆེ་ཤོས་བོད་མིའི་ཟས་སུ་རྩམ་པ་འཐག་པ་ཡིན། སྤྱིར་བཏང་ཉེ་བའི་ལོར་རྩམ་པའི་འཛད་སྤྱོད་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་རྣམ་པ་དོད་ཡོད་ཀྱང་བོད་ལྗོངས་ཀྱི་མི་གྲངས་བརྒྱ་ཆ་གོ་བརྒྱད་བོད་པ་ཡིན་པས་རྩམ་པའི་འཛད་སྤྱོད་ད་དུང་གཞི་རྒྱ་ངེས་ཅན་ཞིག་རྒྱུན་མཐུད་ཐུབ་བཞིན་ཡོད། ཡུལ་དེ་གཉིས་ལ་དེ་མིན་པའི་ནས་ལས་སྣོན་བྱེད་པའི་དེང་རབས་ཀྱི་ཐོན་རྫས་གཞན་ཡང་ཡོད་ཀྱང་གཞི་རྒྱ་ཆེན་པོའི་ཐོན་སྐྱེད་དུ་ཆགས་མེད་པས་ནས་ཀྱི་སྤྱོད་སྒོ་སྤྱི་ལ་མཚོ་སྔོན་གྱི་ཆང་དང་བོད་ལྗོངས་ཀྱི་རྩམ་པ་ཞེས་པ་ལྟར་སྲོལ་རྒྱུན་ཐོན་རྫས་གཙོ་བོར་གྱུར་ཡོད། དེ་བཞིན་དུ་བོད་ཁུལ་སྤྱིའི་མི་གྲངས་ལས་བརྒྱ་ཆ་བརྒྱད་ཅུ་ཡན་བོད་པ་ཡིན་ཞིང་ནས་ནི་བོད་རིགས་མི་མང་གི་འབྲུ་རིགས་གཙོ་བོ་དང་། ཕྱེ་རུ་འཐག་པ་ནི་བོད་མིའི་ནས་ཟས་སུ་སྤྱོད་སྟངས་གཙོ་བོ་ཡིན་པས་རྩམ་པ་ནི་ནས་ཀྱི་སྤྱོད་སྒོ་གཙོ་བོ་ཞིག་ཏུ་གྱུར། མཚོ་སྔོན་ཞིང་ཆེན་ཁོ་ན་ལ་མཚོན་ཡང་ལོ་གཅིག་ལ་ནས་ཕྱེ་ཏུན་ཁྲི་དྲུག་ཙམ་ཐོན་སྐྱེད་བྱེད་པའི་ནུས་པ་ལྡན་ཡོད། ནས་ཀྱི་སྤྱོད་སྒོ་གཞན་པ་ལ་ནས་ཀྱིས་བཟོས་པའི་མགྱོགས་ཐུག་དང་། རྒྱ་ཐུག་སྐམ་ཆུན། ནས་ཀྱི་སྒོང་གདུབ། ནས་ཆག ། ནས་འབྲས། ནས་ཀྱི་སྦྲང་གོར། ནས་ཀྱི་སོབ་གོར་སོགས་སྣ་ཚོགས་ཁྲོམ་ར་ལ་ཐོན་ཟིན། དཔེར་ན་ནས་ཀྱི་རྒྱ་ཐུག་སྐམ་ཆུན་ནི་རྒྱུ་ཆ་གཙོ་བོ་ནས་ནག་ཡིན་པ་སྟེ། དེར་ནས་ཀྱི་རྒྱུ་ཆ་བརྒྱ་ཆ་བདུན་ཅུ་དོན་བཞི་དང་། སྤྲི་དཀར་རྫས་བརྒྱ་ཆ་བཅུ་དྲུག་ལྷག། བཟའ་བཅའི་ཚི་སྣ་བརྒྱ་ཆ་བཅུ་ལྷག། β-རྒུན་འདུས་ཧྭགས་བརྒྱ་ཆ་གསུམ་དང་ཕྱེད་བཅས་འདུས་ཤིང་སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོར་ཁྲོམ་རར་ཐོན་པ་ལྟ་བུ། དེ་བཞིན་དུ་ནས་ནི་དཔེར་ན་རྒྱུ་མ་གཙང་སེལ་བྱེད་པའི་ནུས་པ་ཡོད་པས་རྩ་འགག་པའི་ནད་པ་ལ་འཕྲད་པ་དང་། ཁྲག་གི་མངར་ཆ་འབེབས་ཤིང་ལྟོ་བ་འགྲང་པའི་ནུས་པ་ཡོད་པས་གཅིན་མངར་ནད་དང་ལྡན་པའི་ཟས་སུ་འཚམས་པོ་ཡོད་པ། ནས་ཕྱེ་ཡི་ཚ་ཚད་དམའ་ཞིང་ཞག་རྩི་འདུས་ཉུང་པས་ཚད་རན་པོར་ཟོས་པས་མཁྲིས་རྒྱུ་གཤེར་རྩི་འབྱིན་པ་ལ་ཕན་ཐོགས་ཡོད་པ། ནས་ལ་སྤྲི་དཀར་རྫས་དང་། འཚོ་བཅུད། ཚི་སྣ། ཀལ་དང་། ལྕགས། ལིན་སོགས་ཀྱི་རྫས་ཆ་འདུས་པས་ཟ་བ་པོའི་རིམས་འགོག་ནུས་ཤུགས་ཇེ་མཐོར་གཏང་ཐུབ་པ་ལྟ་བུ་སོགས་ཟས་དང་སྨན་གྱི་ཡོན་ཏན་ཕུམ་སུམ་ཚོགས་པ་ལྡན་པའི་འབྲུ་རིགས་ཁྱད་དུ་འཕགས་པ་ཞིག་ཡིན་པས་མ་འོངས་པ་ལ་དེ་ལས་ལྷག་པའི་ཐོན་རྫས་རབ་དང་རིམ་པ་གསར་གཏོད་བྱེད་པའི་རིན་ཐང་དང་མདུན་ལམ་ཡོད་ལ་འབྲུ་རིགས་ཀུན་ལས་སྤྱོད་སྒོ་ཆེས་མང་པའི་གྲས་སུ་ཚུད་ངེས་པ་ཞིག་གོ།
མདོར་བསྡུས་ན་ནས་ཀྱི་ནང་ལ་རིན་ཐང་གཞལ་དུ་མེད་པའི་རྫས་བཅུད་ཕུན་སུམ་ཚོགས་པ་འདུས་ཤིང་ལྟོ་འགྲང་པའི་ཟས་ཀྱི་བྱེད་ནུས་དང་། ལུས་གསོ་བའི་བཅུད་ཀྱི་བྱེད་ནུས། ནད་བཅོས་པའི་སྨན་གྱི་བྱེད་ནུས། ཁམས་སྲུང་པའི་བདུད་རྩིའི་བྱེད་ནུས་སོགས་ཡོན་ཏན་བསམ་གྱིས་མ་ཁྱབ་པས་གོང་བརྗོད་པ་དེ་ཙམ་དུ་ཚར་མི་ནུས་ཀྱང་དེང་སང་ལྦི་སིབ་ཁུ་ནག་དང་འབྲས་ཧུབ་སླ་པོ་ཡང་ཅོག་ཙེ་ཐོག་ཏུ་བཤམས་ནས་མི་ལ་ཤོམ་ར་འགྲན་པའི་སྲོལ་ལ་ཁ་བ་བུ་ཡུག་འཚུབ་པ་བཞིན་དུ་དར་བའི་དུས་སུ་ནས་ཀྱིས་གསོས་ནས་མགོ་དཀར་སོ་བུད་པ་རྣམས་ལས་ཀྱང་ནས་དང་རྩམ་པ་ཟ་བ་ནི་འཚོ་བོ་ཧ་ཅང་ཐབས་ཆག་ཏུ་སྣང་སྟེ་མིའི་ཚོགས་སུ་གཞན་ལ་བསྐུངས་ནས་ཟ་མཁན་ཧ་ཅང་མང་པོ་མཐོང་བས་དེ་དག་ལ་སེམས་གསོ་དང་། སྡོམ་རྩིས་ཁུངས་བཙུན་ལས་ད་ལྟར་མགོ་ནག་གདོང་དམར་ཅན་ལ་རྩམ་པའི་འགྲོ་སོང་འགྲིབ་པར་མངོན་པ་ཡང་ཕྱོགས་གཅིག་ནས་འཚོ་བའི་མཐུན་རྐྱེན་ཇེ་བཟང་དང་ཟས་སྣ་ཇེ་འབེལ་དུ་གྱུར་པའི་རྒྱབ་རྟེན་བཟང་པོ་དང་འབྲེལ་བ་ཆེ་ཡང་། ཕྱོགས་གཞན་དུ་འགྲོ་བ་མིའི་རིགས་ཀྱིས་རང་གི་བདེ་ཐང་ལ་སྔར་གཞར་ཡང་མ་མྱོང་པའི་དོན་གཉེར་ཆེན་པོ་བྱེད་པའི་དུས་སུ་རྩམ་པའི་བུ་ཚོས་བདེ་ཐང་འཇོ་བའི་ནོར་བུ་ཞིག་རང་ལག་ཏུ་སྲིད་པའི་གངས་ཀྱི་ཚེ་དང་མཉམ་པར་བཟུང་ཡང་ད་དུང་ནོར་ངོ་ཤེས་མེད་པ་དང་ཡང་འབྲེལ་བ་མེད་པ་མ་ཡིན་པས་དེ་དག་ལ་བློ་སྐྱེད། དེ་བཞིན་ལས་ཀྱི་བསྐོས་ཐང་ཞིང་སའི་སོ་ནམ་ལ་དམ་པོར་བཏགས་ཀྱང་སྙིང་གི་ལུ་གུ་མི་དགའ་ཕམ་སེམས་ཀྱིས་མནར་ཞིང་ལུས་པོའི་བོངས་གཏོས་འོང་ཁའི་རྨོད་རོལ་དུ་རྒྱས་ཀྱང་སོ་ནམ་ཤེས་བྱར་བློ་མིག་དམུས་ལོང་དུ་གྱུར་པ་འགའ་ལ་ཅུང་ཟད་ཕན་སྲིད་པ་ལའང་རེ་སྟེ། ནས་ཀྱི་ཡོན་ཏན་རྒྱ་མཚོ་འཁྱིལ་པའི་གཞུང་ཁུངས་བཙུན་ལས་ཚིག་དོན་གསལ་བའི་ཐིགས་པ་འགའ་ཞིག་བློ་གྲོས་ཀུ་ཤའི་རྩེ་མོས་བླངས་ནས་བསྟན་པས་མི་ཤེས་ཚ་བས་གདུང་པ་རྣམས་ལ་བསིལ་བའི་སྣང་བ་ཅུང་ཟད་སྟེར་གྱུར་ཅིག། (མུ་འགོད།)