国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲུག་གཅིག་བྱིས་པའི་དུས་ཆེན་བསུ།

འཁོར་བའི་འགན་འཁྲི་ཕྲག་ལ་མ་བབ་པར།།

ཆགས་ཞེན་སེམས་ཀྱི་ངལ་བས་མ་གཙེས་པའི།།

བྱམས་བྱམས་བརྩེ་བས་ཀུན་གྱིས་སྐྱོང་བའི་དུས།།

ཆུང་ཆུང་བྱིས་པའི་དུས་ན་སྐྱིད་ཅིག་འདུག།

རང་གཤིས་ཤེལ་དཀར་མེ་ལོང་དྭངས་པ་དང་།།

རང་སེམས་ཁ་བཏགས་དཀར་ལ་འཇམ་པ་ཡི།།

རང་སྣང་གང་ཤར་རྩེད་མོར་གཡེང་བའི་དུས།།

ཆུང་ཆུང་བྱིས་པའི་དུས་ན་སྐྱིད་ཅིག་འདུག།

བྱིས་པའི་ལང་ཚོ་ཆུ་སྐྱེས་དཀར་དམར་ཡིན།།

བྱིས་པའི་སེམས་པ་དྭངས་གཙང་ལྷད་མེད་ཡིན།།

བྱིས་པའི་མི་གཤིས་ལྷན་སྐྱེས་ངོ་མ་ཡིན།།

བྱིས་པ་སེམས་ཀྱི་གཅེས་ས་སྐྱོང་ས་ཡིན།།

བྱིས་པ་ཕ་མའི་སེམས་ཀྱི་རེ་བ་ཡིན།།

བྱིས་པ་དགེ་རྒན་བཟང་པོའི་རེ་བ་ཡིན།།

བྱིས་པ་མི་རིགས་ཤིག་གི་རེ་བ་ཡིན།།

བྱིས་པ་རྒྱལ་ཁབ་ཅིག་གི་རེ་བ་ཡིན།།

བྱིས་པ་རྣམ་པ་བློ་རིག་བཀྲ་བ་དང་།།

བྱིས་པ་རྣམ་པ་བདེ་ཐང་ཡོང་བ་དང་།།

བྱིས་པ་རྣམ་པ་ལང་ཚོ་རྒྱས་པ་དང་།།

བྱིས་པ་རྣམ་པ་གང་བསམ་དོན་གྲུབ་ཤོག།

༼ རྡོ་རྗེ་ཐར་ལམ། ༽