དེ་རིང་ནི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་རེད། སྙིང་ལ་སྡུག་པའི་བྱིས་པ་དེ་ཚོས་བརྩེ་སེམས་དྭངས་མའི་རང་སྣང་ལས། མཚུངས་མེད་ཀྱི་མ་ཡུམ་སློབ་གྲྭ་ཞིག་གི་མཚར་སྡུག་ཕྱི་རོལ་དུ་ཕུད་བྱུང་། ཤེས་རབ་ཀྱི་ལོངས་སྤྱོད་རྒྱས་པའི་དགེ་རྒན་དམ་པ་རེ་རེའི་དཀའ་སྡུག་གིས་བརྒལ་བའི་ལོ་ངོ་གཅིག་གི་ངོ་གདོང་སྤྱན་ཟུང་གི་མདུན་དུ་བཤམས་སོང་། འཛད་མེད་ཀྱི་བྱམས་བརྩེ་མཐར་སོན་པའི། ཕ་མ་བཟང་པོ་ཞིག་གི་གཏོང་ཕོད་དང་ལྷག་བསམ་གྱི་རང་མདངས། ཁྲོམ་ཆེན་གྱི་དབུས་ནས་མཐོང་དུ་བཅུག་སོང་། རྣམ་དག་གི་སྨོན་འདུན་དང་། བཅོས་མེད་ཀྱི་གླུ་སྐད་རེ་རེ་ཡིས། མི་སེམས་ཀྱི་ནམ་མཁར་མཛེས་རིས་ཀྱི་འཇའ་ཚོན་གཏན་འབེབ་བྱས།
བྱིས་པར་གནོད་འཚེ་དང་མནར་གཅོད་གཏོང་བར་ངོ་རྒོལ་བྱེད་པའི་ཉིན་མོ་དེ་རིང་། བྱིས་པས་ཀྱང་རང་འགན་བསྲུངས་ཏེ། ཉིན་འདི་ནས་བཟུང་། དགེ་རྒན་རྣམས་ཀྱི་བཀའ་གསུང་ཉོན་བཞིན་སློབ་ཐུན་རེ་རེའི་ཤེས་བྱ་རྣམས་རྒྱུད་ལ་འབྱོར་བར་བརྩོན་པ་དང་། ཡ་རབས་བཟང་སྤྱོད་ཀྱི་ལམ་བུ་རྡོག་པས་གནོན་ཞོར། སློབ་གྲོགས་ཚོ་དང་མཉམ་དུ་མཛའ་མཐུན་གྱི་དཔུང་གདང་སྦྲེལ་ནས། མ་འོངས་པའི་མི་རིགས་དང་རྒྱལ་ཁབ། རང་གི་སློབ་གླིང་གི་མཚན་སྙན་དང་།རང་གི་ཁྱིམ་ཚང་དང་ཁྱིམ་མི་རེ་རེའི་བདེ་སྐྱིད་ཀྱི་སླད་དུ། མཁའ་དབྱིངས་ཀྱི་མཐོངས་དང་མཉམ་པའི་སྤོབས་སེམས་ཀྱིས། སློབ་ཆུང་ནས་རིམ་པར་འགྲིམས་ཏེ།འཇོན་ལྡན་ཅན་གྱི་མི་ཞིག་ཆགས་རྒྱུ་ཡིན་པའི་གདེང་ཚོད་ཀྱི་ངེས་ཤེས་ཤིག་ང་དང་ཁོ་ཚོར་བསྩལ་སོང་།
སྙིང་ཉེ་བའི་ན་ཆུང་བྱིས་པ་ཚོ། སློབ་གླིང་ནི་འཇིག་རྟེན་དུ་གནས་པའི་ཆེས་མཛེས་སྡུག་གིས་བརྒྱན་པའི་མེ་ཏོག་གི་ལྡུམ་ར་ཞིག་ཡིན་ཚེ། ཁྱོད་རྣམས་ནི་འདབ་ཁ་ཟིལ་པས་བརླན་པའི། སྨིན་མ་ཐག་པའི་ཁྱད་མཚར་གྱི་མེ་ཏོག་ཆུང་ཆུང་རེ་རེ་ཡིན་འོས། སློབ་གླིང་ནི་གཞལ་མཐའ་མེད་པའི་གཡའ་བྲལ་གྱི་ཀུན་གསལ་སྟོང་སངས་ཡིན་ཕྱིན། ཁྱོད་ཅག་ནི་ས་ཆེན་གོ་ལའི་སྟེང་དུ་ལྡིང་བསྐོར་བྱེད་པའི་ཆེམ་ཆེམ་གྱིས་འཕྲོ་བའི་སྐར་མའི་འོད་ཟེར་རེ་རེ་ཡིན་ངེས། སློབ་གླིང་ནི་མི་ཞིག་གི་མདུན་ལམ་མ་ནོར་བ་སྟོན་བྱེད་ཀྱི་ཤེས་བྱའི་གཏེར་མཛོད་ཆེན་མོ་ཞིག་ཡིན་ཚེ། ཁྱོད་ཅག་ནི་སྨྲ་ཤེས་དོན་གོ་བར་བྱེད་པའི་མིའི་རིགས་སུ་གནས་པའི་མཁྱེན་དཔྱོད་མངའ་བའི་བློ་ལྡན་གྱི་སློབ་མ་ལས་སྐལ་ཅན་རེ་ཡིན་འོས།
དེ་རིང་ནི་ན་ཆུང་གྲོགས་པོ་ཚོས། ཡུན་རིང་སེམས་ལ་ཉར་བའི་སྤྲོ་སྐྱིད་ལྡན་པའི་ཉིན་མོ་དེ་ཡིན་པས། ངས། དབྱངས་གསལ་སོ་བཞིའི་མགུར་དབྱངས་སྙན་མོ་འདི། ཁྱོད་ཀྱི་ཐོས་འཛིན་ཡུལ་དུ་ལྷང་ལྷང་དུ་འབུལ། ལུས་བདེ་སེམས་སྐྱིད་ཀྱི་ངང་ནས། ཤེས་རིག་གི་བཅུད་བཟང་བརྔུབས་ཏེ། དོན་ལྡན་གྱི་མི་ཚེ་ཞིག་རོལ་ཐུབ་པའི་སྨོན་འདུན་གྲངས་མེད་ཅིག་དུས་ཆེན་འདིར་བསྟུན་ནས་ཡང་ཡང་ཞུ། སློབ་སྦྱོང་གི་ནུས་སྟོབས་ཉིན་རེ་བཞིན་རྒྱས་པ་དང་། རང་རང་གི་བསམ་པའི་འཆར་ཡན་གྱིས་རྙེད་པའི་འཚོ་བ་ཞིག་རོལ་ཐུབ་པའི་ཁ་གཡང་སེམས་ཀྱིས་གྱེར། དུས་ཆེན་མང་པོའི་ཁྲོད་ནས་ཆེས་གལ་འགེངས་ཆེ་བའི་དུས་ཆེན་འདི་ལ། སྙིང་ཉེ་བའི་ན་ཆུང་བྱིས་པ་ཚོ་ལ། བཀྲ་ཤིས་བདེ་ལེགས་དཔག་མེད་སྐྱེས་སུ་མཆོད།།
༼ གངས་ཆབ་ལྷ་སྲས། ༽