ཁྱོད་ཅག་ལྷག་བསམ་གངས་རི་དཀར་པོ་འོད་ཆེམ་ཆེམ་དུ་འཕྲོ་བའི་མཐོ་སྒང་གི་ཡུལ་གྲུ་འདི་ནས། རྒྱུ་སྐར་དབུས་ཀྱི་ཟླ་བ་ཇི་བཞིན་མུན་པའི་ཡོལ་རས་ཤེད་ཀྱིས་འཐེན་བཞིན་པའི་དཔུང་སྡེ་ཞིག། ཁྱོད་ཅག་བྱམས་བརྩེ་ཉི་མ་སེར་པོ་འོད་ལམ་ལམ་དུ་འཁྱིལ་བའི་རིག་གནས་ཀྱི་ལྡིང་ཁང་ཞིག་ནས། མེ་ཏོག་ནང་གི་པད་མ་ཇི་བཞིན་དྲི་ངན་སྣ་ཚོགས་ཡུན་གྱིས་འདོར་བཞིན་པའི་ཡིད་འོང་གི་མི་ཚོགས་ཤིག། རིག་གནས་སྣ་མང་རིག་པས་དཔྱད་དེ་ཤེས་བྱའི་ཚོམ་བུ་ལག་ཏུ་ཐོགས་ནས་ང་ཚོ་སྟེ། ཕ་མ་མ་གཏོགས་མི་ངོ་མི་ཤེས་ལ་སྒྱེད་པུ་མ་གཏོགས་ས་ངོ་མི་ཤེས་པའི་འབྲོག་ཕྲུག་སྣབས་ལུག་ཏག་ཏག་ལ་དཔྱིད་འགོ་མའི་མེ་ཏོག་ཇི་བཞིན་ལེགས་སྐྱེས་སུ་བཞད་ཡོད།
དུས་དེ་ནས་བཟུང་། ང་ཚོས་ལེགས་སྐྱེས་སུ་ཕུལ་བའི་དཔུང་སྡེ་ཁོ་ཅག་གི་དྲུང་ནས་འཆར་སྣང་གི་ཁེངས་པའི་བྱིས་དུས་ལ་འོད་ཀྱི་ལམ་བུ་གསར་པ་ཞིག་གིས་སྒོ་མོ་ཕྱེས་ཡོད།ང་ཚོ་ནི་རྩྭ་ཐང་ནས་ཡོང་ཞིང་རྩྭ་ཐང་ལ་གོམས་ཡོད་པས་ཀོ་གྱོང་ལྟ་བུའི་སེམས་པ་ལ་ནེམ་ཤ་མ་བབས་པ་དང་གཟན་ཤམ་ལྟ་བུའི་ན་བཟའ་ལ་སྐ་རགས་མ་བཅིངས་པ་ཤ་སྟག་ཡིན། འོན་ཀྱང་དགེ་རྒན་ཚོར་གཞན་ཕན་གྱི་བསམ་བློ་དང་རྒྱང་རིང་གི་ཕུགས་འདུན་ཡོད་པས་ང་ཚོའི་གཤིས་སུ་མངའ་བའི་རྩུབ་སྤྱོད་ལ་རྡོག་རྫིས་མི་གཏོང་བར་མ་ཟད། འབྲོག་པ་ཚོའི་རང་གཤིས་དྲང་མོ་ཡིན་ནི་རེད་ཅེས་རྒྱུན་དུ་ང་ཚོར་སློབ་སྦྱོང་ལ་འབད་པ་བྱེད་དགོས་ཚུལ་དང་སློབ་སྦྱོང་མ་བྱས་པའི་མཇུག་འབྲས་སོགས་གླེང་། དུས་ཡུན་ག་ཙམ་འགོར་བ་མ་ཤེས་མོད། དུས་སྐབས་ཤིག་ལ་ཀ་ཁ་འདོན་ཀློག་གི་སྙན་མོ་དབྱངས་ཀྱིས་གོམས་ལོབས་སུ་ཡོད་པའི་རྫི་བོའི་ཤུག་སྒྲ་ཟིལ་གྱིས་གནོན་ཞིང་མི་རིགས་རིག་གནས་དར་རྒྱས་སུ་ཡོང་བའི་མྱུ་གུ་དག་སྐྱེད་སྲིང་བྱེད་པའི་ལས་དཀར་ལ་འབད་བཞིན་ཡོད། རེད་དེ།གཡས་པང་གཡོན་འཁྱུད་བྱས་ནས་བརྩེ་བའི་དྲོད་ཀྱིས་ཁེངས་པའི་སློབ་ཁང་ཆུང་ཆུང་དེ་ནི་དགེ་རྒན་གྱིས་ང་ཚོར་གནང་བའི་ལེགས་སྐྱེས་ཐོག་མ་ཡིན་ལ། ལུས་སེམས་ཡུན་གྱིས་བཏུལ་ཏེ་དཔེ་དེབ་ཀྱི་ངོས་ལ་འཐིམ་པའི་ཚིག་འབྲུ་རེ་རེ་ནི་དགེ་རྒན་གྱིས་ང་ཚོར་གནང་བའི་ལམ་གྱི་བྲོ་ཁ་ཡིན།
དགེ་རྒན་ཞེས་རྒྱུན་དུ་དྲན་རྒྱུ་མེད་རུང་།བཀའ་སློབ་དང་གསུང་བཤད་ལས་བླ་མའི་དྲིན་དྲན་དགོས་ཟེར་དུས། ངའི་བློ་ངོར་གསལ་ལེར་ཤར་ཡོང་བ་ནི་སྒོ་སམ་ཀྱི་མདུན་ན་ས་སྨྱུག་གི་རྡུལ་ཕྲན་དང་ཉི་འོད་འདྲེས་པའི་བར་གླགས་ན་བལྟས་ཚོད་དུ་ཉམ་ཐག་གི་རྣམ་པ་སྣང་ཡང་དོན་དངོས་སུ་ནང་སེམས་སྤྲོ་བས་བརྟས་པའི་ཁོང་ཅག་གི་རྒྱབ་གཟུགས་རེད། དགེ་རྒན་འདིའི་རིགས་ལ་སྤྱི་ཚོགས་དང་ལས་རིགས་ཁྲོད་གོ་གནས་ག་འདྲ་ཡོད་ནའང་། ང་ཚོ་སློབ་བུ་ཚོར་མཚོན་ན་ཁོ་ཚོ་ནི་ཞིམ་མངར་ལྡན་པའི་འོ་ཇ་དཀར་ཡོལ་གང་ངམ་དྲི་བསུང་འཐུལ་བའི་མེ་ཏོག་གི་ཚོམ་བུ་ཞིག་དང་འདྲ། ཁོ་རང་ཚོ་གང་དུ་ཡོད་ན་གནས་དེ་རུ་རྨོངས་པའི་མུན་ནག་གི་འཇབ་རྒོལ་དབེན་ལ། གནས་དེ་རུ་ཤེས་བྱའི་འགྲན་རྩོད་ཀྱི་ལྗོན་ཤིང་རྒྱས་ངེས། དགེ་རྒན་ནི་ང་ཚོས་ཤེས་རིག་སློབ་གླིང་འགྲིམ་དུས་ཀྱི་ཆེས་ཐོག་མའི་དཔེ་དེབ་དེ་ཡིན་ལ། དེ་ཡང་མ་ཡིན། དགེ་རྒན་ནི་འགྲན་རྩོད་ཀྱི་མེ་ལྕེ་འཕྱུར་བའི་སྤྱི་ཚོགས་ཁྲོད་ཆེས་མཐའ་མཇུག་གི་གནས་མལ་དེ་ཡིན་ལ། དེ་ཡང་མ་ཡིན་ཏེ།དགེ་རྒན་ནི་ང་ཚོའི་བསམ་བློས་སྒེར་ཚུགས་ཐུབ་པ་ནས་ལུས་པོའི་ལོ་འདབ་བ་མོས་བཅོམ་པའི་བར་རྟག་ཏུ་བྲལ་མ་མྱོང་བའི་གནས་རི་བརྟན་པོ་ཞིག་གམ་རྫོགས་མཐའ་མེད་པའི་དཔེ་དེབ་ཆུང་ཆུང་ཞིག།
དེ་བས་བུ་མོ་ངའི་སྣང་ངོར་མིང་བྱང་ཆུང་ཆུང་ཞིག་དང་གོ་གནས་དམའ་མོ་ཞིག་ལས་མེད་ཀྱང་ལྷག་བསམ་གྱིས་རི་བཞེངས་ཤིང་བྱམས་བརྩེ་ཡིས་མཚོ་བསྐྱིལ་བའི་དགེ་རྒན་ཁོང་རྣམ་པར་བླ་ལྷག་གི་དུང་བ་ཞིག་གམ་ཁྱད་འཕགས་ཀྱི་དགའ་བ་ཞིག་ངང་གིས་སྐྱེས་ཡོང་།
༼ འོད་ཆུན་པོ། ༽
