ཁམས་རྟའུ་ནི་དེང་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་གི་མཚམས་དང་དཀར་མཛེས་ཁུལ་གྱི་བྱང་ཤར་མཚམས་སུ་གནས་ཡོད་ལ། ས་བབ་མཐོ་དམན་རན་པ་ཡིན་པས་དྲོ་གྲང་སྙོམས་པོ་ཡིན་ཕྱིར་རོང་འབྲོག་གི་ཐོན་འབྲས་བཟང་ཞིང་ཕུན་སུམ་ཚོགས་པོ་ཡོད། གདོད་མའི་ནགས་ཚལ་གྱིས་རི་ལུང་བརྒྱན་ཅིང་དྭངས་ཤིང་གཙང་བའི་གངས་རི་དང་ནགས་རི་རྫ་རི་བཅས་སྤང་ཐང་དང་འདྲེས་ནས་ཡོད། ཕྱོགས་མཚམས་ཀུན་ཏུ་མཚོ་དང་མཚེའུ་ཕྲ་ཚོམ་བཀོད་པ་བཞིན་གནས་པ་དང་། དེར་རི་དྭགས་སྣ་ཚོགས་བག་ཡངས་སུ་རྩེ་བཞིན་གནས་ནས་ཡོད་ལ་རྩྭ་སྨན་གཙོ་བོར་གྱུར་པའི་རྩི་ཤིང་རིགས་ཀྱི་སྐྱེ་དངོས་ཕུན་སུམ་ཚོགས་པ། རང་བྱུང་གི་གཏེར་དངོས་ཐོན་ཁུངས་ཕྱུག་པོ་ཡོད་ལ་རང་བྱུང་གི་ཆུ་ཚན་ཡང་ལ་ལུང་ཀུན་ཏུ་ཁྱབ་ནས་ཡོད། ཁོར་ཡུག་དེ་དང་མཐུན་པའི་མི་རྣམས་ཀྱང་གཤིས་སྤྱོད་བཟང་ཞིང་ལས་ལ་བརྩོན་པ་དང་དཔའ་ངར་ཆེ་བ་ཡར་ཐོན་གྱི་སེམས་ཤུགས་ཆེ་བས་གནའ་ནས་འཛུགས་སྐྲུན་ལ་དོ་སྣང་ཆེ་བས་མཁར་དང་ཁང་པ་བརྗིད་ཅིང་བརླིང་ལ་མཛེས་དཔྱོད་སྒྱུ་རྩལ་གྱི་ཉམས་དང་ལྡན་པ་བསྐྲུན་ཡོད། འགྲོ་བ་མིའི་ལོ་རྒྱུས་ཡོད་ནས་བཟུང་རྟའུ་ཡི་མི་རྣམས་ཀྱང་བློ་བརྟན་འགྱུར་མེད་ངང་ཕ་ཡུལ་ལ་དགའ་བ་དང་རང་ཁྱིམ་ལ་གཅེས་པར་འཛིན་མཁན་ཡིན་པའི་རྒྱུ་མཚན་གྱིས་གནའ་བོའི་ཁམས་སྐད་རྙིང་པ་དེ་མ་ནུབ་པར་ད་བར་སྤྱོད་བཞིན་ཡོད་པ་གནའ་བོའི་བརྡ་དང་ཐ་སྙད་ཧ་ཅང་ཕྱུག་པོ་ཡིན་པས་ལོ་རྒྱུས་ལ་རྒྱུས་ལོན་དང་ཞིབ་འཇུག། སྐད་བརྡ་རིག་པར་ཞིབ་འཇུག་གི་དཔྱད་གཞིའི་མེ་ལོང་དུ་གྱུར་ཡོད།།
(སྐུ་ནུབ་བློ་བཟང་རྒྱ་མཚོས་བྲིས།)