国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཅིན་ཧྭ་གྲོང་ཁྱེར་དང་དཀར་མཛེས་ཁུལ་གྱིས་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

ཉེ་ཆར། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དང་དཀར་མཛེས་ཁུལ་གྱི་ཁ་གཏད་རོགས་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས་པ་རེད། ཅིན་ཧྭ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ།གྲོང་དཔོན་ཀྲང་ཅན་དང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།ཁུལ་ཨུ་རྒྱུན་ཨུ།རྒྱུན་ལས་ཁུལ་དཔོན་གཞོན་པ་ཡན་ལེ་ཡིས་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།

ཧྥུང་ཧྥ་ཀུའེ་ཡིས་ཅིན་ཧྭ་གྲོང་ཁྱེར་གྱིས་དཀར་མཛེས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་།ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཧྥུང་ཧྥ་ཀུའེ་ཡིས2012ལོ་ནས2014ལོའི་བར་ཅིན་ཧྭ་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་ལྟར་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་། བརྒྱད་ཟིལ་རྫོང་བཅས་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། 2021ལོར་རྒྱལ་ཁབ་ཀྱི་རེས་སྐོར་གསར་པའི་ཤར་ནུབ་རྒྱུད་ཀྱི་མཉམ་ལས་རོགས་སྐྱོར་ལེགས་སྒྲིག་བྱས་རྗེས། ཅིན་ཧྭ་གྲོང་ཁྱེར་གྱིས་སླར་ཡང་རང་ཁུལ་གྱི་རོང་བྲག་རྫོང་དང་རྟའུ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ། ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་།ཤེས་ལྡན་མི་སྣའི་རོགས་སྐྱོར།མི་རིགས་མཐུན་སྒྲིལ་སོགས་ལ་དམིགས་ནས་ལས་དོན་འབོར་ཆེན་བསྒྲུབས་པ་དང་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཅེས་གསུངས།

ཀྲང་ཅན་གྱིས་ཅིན་ཧྭ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ཏེ་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཅིན་ཧྭ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་བ་དང་། དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་བཀྲ་ཤིས་སྨོན་འདུན་ཞུས་པ་རེད། ཀྲང་ཅན་གྱིས་ཅིན་ཧྭ་གྲོང་ཁྱེར་གྱིས་ཤར་ནུབ་རྒྱུད་མཉམ་ལས་དང་ཁ་གཏད་རོགས་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལག་བསྟར་མཐར་ཕྱིན་དང་།དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲེ་ཅང་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར། ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་ལ་ཤུགས་བརྒྱབ་སྟེ་དཀར་མཛེས་ཁུལ་གྱི་དགོས་མཁོ་དང་ཅིན་ཧྭ་ཡི་ནུས་པ་ལ་དམིགས་ནས་ལེགས་ཆ་འདོན་སྤེལ་དང་། ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།ཛ་དྲག་དང་དཀའ་ངལ་ལ་དམིགས་ནས་དམངས་འཚོ་འགན་སྲུང་ལ་ཤུགས་བརྒྱབ་པ། མཐུན་སྒྲིལ་འབད་འཐབ་ལ་དམིགས་ནས་མི་རིགས་ཀྱི“འབྲེལ་བ་གསུམ”ཇེ་ཟབ་ཏུ་གཏོང་བ་དང་།རྒྱུན་ལྡན་གྱི་ཕན་ནུས་ལ་དམིགས་པ་དང་།ཐུན་མོང་འཛུགས་སྐྲུན་ལམ་སྲོལ་ལེགས་སུ་བཏང་སྟེ།དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།། (བདེ་སྐྱིད་ཀྱིས་བསྒྱུར།)