ནམ་ཟླ་སྤྲིན་གྱིས་མ་བསྒྲིབས་ཤིང་། །
ལོ་ཟླ་འཁྱག་གིས་མ་བསྡམས་པར། །
མཛེས་པའི་སྤང་ཐང་ཡངས་མོ་རུ། །
ཟླ་དྲུག་མེ་ཏོག་སྡུ་གུ་བཀྲ། །
ཤེས་རིག་པདྨའི་དགའ་ཚལ་ན། །
ལང་ཚོ་མེ་ཏོག་བཞིན་མདངས་རྒྱས། །
ན་ཆུང་རྐང་དྲུག་ཁྱུ་ཚོགས་ཀྱི། །
རྣམ་དཔྱོད་རིག་པའི་རྩལ་ལག་གྲོལ། །
སློབ་གླིང་པདྨའི་དོ་ར་རུ། །
སྐད་བརྡ་རིག་པའི་གེ་སར་རྒྱས། །
ན་ཆུང་བུང་བའི་ཁྱུ་ཚོགས་ཀྱིས། །
ཤེས་བྱ་སྦྲང་རྩིའི་བཅུད་ལ་རོལ། །
ཡིད་འོང་དབྱར་ཟླ་དྲུག་པའི་ནང་། །
མེ་ཏོག་ལྟ་བུའི་བྱིས་པ་ཚོས། །
ཀ་ཁའི་དབྱངས་རྟ་ངག་ལ་གྱེར། །
ཀ་ཕྲེང་སུམ་ཅུའི་འཇུག་པར་རོལ། །
དེ་རིང་དྲུག་གཅིག་དུས་སྟོན་ལ། །
ལུས་ལ་གཟབ་འཆོར་ལེགས་སྤྲས་ཏེ། །
བཀྲ་ཤིས་པི་ཝང་རོལ་མོ་ཡིས། །
བདེ་ལེགས་གཞས་དང་ཞབས་བྲོ་འཁྲབ། །
ཀུན་སྤྱོད་རྣམ་དག་དྭངས་གཙང་ཞིང་། །
འཛུམ་ཆུང་ཟླ་འོད་ཟེགས་མ་འདྲ། །
ཕ་མའི་སེམས་ཀྱི་སྐར་ཆེན་ཚོ། །
བློ་གསར་བྱིས་པའི་དུས་ཆེན་བསུ།
ཁྱེད་ཚོ་འབྱུང་འགྱུར་བདག་པོ་ཡིན། །
ཁྱེད་ཚོ་ཕ་མའི་སྙིང་ནོར་ཡིན། །
ཁྱེད་ཚོ་མི་རིགས་བླ་སྲོག་ཡིན། །
ཁྱེད་ཚོ་ཁ་བའི་གཅེས་ནོར་ཡིན། །
དེ་རིང་དྲུག་གཅིག་ཉིན་བཟང་ལ། །
ཡིད་འོང་བློ་གསར་གཞོན་ནུ་རྣམས། །
སྐུ་ལུས་དཔག་བསམ་ལྗོན་པ་ལ། །
ཤེས་རིག་འདབ་ལོ་རྒྱས་པར་ཤོག །
ལང་ཚོ་པདྨའི་མེ་ཏོག་ལ། །
སད་སེར་བར་ཆད་མེད་པར་སྨོན། །
བསམ་པའི་དོན་ཀུན་འགྲུབ་པ་དང་། །
ཤེས་རིག་འོད་སྟོང་འབར་བར་ཤོག །
༼ མེ་ཆར། ༽