国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ན་ཆུང་བྱིས་པའི་དུས་སྟོན་བསུ།

སྐད་ཡིག་མུན་སེལ་གྱི་བདག་པོ་རྣམ་པ།།

མེས་པོའི་ཤུལ་འཛིན་གྱི་ལྕམ་སྲིང་རྣམ་པ།།

རང་སེམས་རྣམ་དག་གི་མེ་ལོང་ངོས་སུ།།

ཡུལ་སྲོལ་གོམས་གཤིས་ཀྱི་རི་མོ་ཕྲིས་དང་།།

དེ་རིང་ཕྲན་ཆུང་གིས་བསམ་པ་དག་པས།།

གསར་སྐྱེས་མེ་ཏོག་གི་ཚ་བོ་ཚ་མོར།།

བཀྲ་ཤིས་ཁ་བཏགས་ཀྱི་བརྩེ་གླུ་སྙན་མོས།།

དྲུག་གཅིག་དུས་སྟོན་ལ་རྟེན་འབྲེལ་ཞུ་འོ།།

ལང་ཚོ་འཇའ་ཚོན་ལྟར་མཛེས་ཤིང་སྡུག་ཅིང་།།

ནང་སེམས་ནམ་མཁའ་བཞིན་དྭངས་ཤིང་གསལ་བའི།།

ཤེས་རིག་ཕུན་ཚོགས་ཀྱི་སློབ་གྲྭའི་གླིང་ནས།།

ཀ་ཁའི་དབྱངས་རྟ་དེ་དཀྲོལ་མཚམས་མ་འཇོག།

གཞན་སྐད་བཤད་པ་དེ་རྒྱན་དུ་བྱེད་ཅིང་།།

རང་སྐད་ཚེ་སྲོག་བཞིན་གཅེས་ཤིང་བཀུར་བའི།།

ཕ་སྐད་མ་ཡིག་གི་རྟེན་གཞིར་གྱུར་བའི།།

བྱིས་པ་ཆུང་ཆུང་ཚོ་ཚེ་རིང་ནད་མེད།།

ཕ་མ་རྒ་རྒས་ཚོའི་དཔྲལ་བའི་མིག་ཟུང་།།

དགེ་རྒན་དམ་པ་ཚོའི་རེ་བའི་རྒྱབ་རྟེན།།

རང་རིགས་སྤུན་ཟླ་ཡི་ཕ་ཤུལ་སྲུང་བའི།།

རིགས་ཀྱི་ཁྱེའུ་ཚོར་སྤྲོ་སེམས་འཕེལ་ཤོག།

དབྱར་ཟླ་དྲུག་པ་ཡི་མཚར་སྡུག་ཀློང་ནས།།

ཞལ་རས་དགའ་སྤྲོ་ཡིས་བརྟས་པའི་བྱིས་པ།།

ཕ་མེས་ཡབ་མེས་ཀྱི་རྗེས་སུ་སྙེག་བཞིན།།

དྭངས་གཙང་སེམས་པ་ལ་རྙོག་པ་མེད་ཤོག།

དྲིན་ཆེན་ཕ་མ་ཚོའི་པང་ནས་སོན་ཞིང་།།

རྩེད་ར་གྲུ་བཞི་ལ་སེམས་པ་གླན་པའི།།

ན་ཆུང་བྱིས་པ་ཚོའི་ལུས་དང་སེམས་སུ།།

མི་འདོད་རྐྱེན་ངན་གྱི་བར་ཆད་མེད་ཤོག།

དུས་ཚོད་ངེས་མེད་ཀྱི་ཁུག་ཀྱོག་རེ་ནས།།

མུན་པའི་ཚེ་སྲོག་ལ་འོད་སྣང་སྩོལ་ཞིང་།།

ཤེས་བྱ་མེ་ཏོག་གི་སྦྲང་རྩི་འཐུང་བའི།།

བློ་གསར་གཞོན་ནུ་ཚོར་ཤེས་རབ་འཕེལ་ཤོག།

ཤ་ཞེན་རུས་དུངས་ཀྱི་སྙིང་རྩ་སྒྲིམ་ཞིང་།།

ཡ་རབས་སྤྱོད་བཟང་གི་བློ་མིག་འཁྲུངས་པའི།།

ཁ་དཀར་གཞུང་དྲང་གི་བུ་ཕྲུག་རྣམས་ལ།།

ཁ་དགེ་བཀྲ་ཤིས་ཀྱི་སྨོན་ལམ་བཏབ་ཡོད།།

༼ འོད་འཛིན་མ། ༽