国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་དགོས》ཞེས་པ་སྤེལ་བ།

(པར་ངོས་དང་པོར་མཐུད།)

རྩོམ་ཡིག་ལས་བསྟན་དོན། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱ་རྒྱུ་ནི་རྙོག་འཛིང་ཆེ་བའི་མ་ལག་ཅན་གྱི་ལས་དོན་ཞིག་ཡིན་པས། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་འདེགས་སྐྱོར་བྱེད་པ་དང་དམངས་འཚོའི་དགོས་མཁོ་སྐོང་བའི་བར་གྱི་འབྲེལ་བ་དང་། ཤེས་བྱ་སློབ་སྦྱོང་དང་ཕྱོགས་ཡོངས་གོང་འཕེལ་བར་གྱི་འབྲེལ་བ། འཇོན་མི་གསོ་སྐྱོང་དང་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བའི་བར་གྱི་འབྲེལ་བ། ཚད་གཞི་གོ་རིམ་ཅན་དང་གསོན་ཤུགས་བསྐྱེད་པའི་བར་གྱི་འབྲེལ་བ། ཀྲུང་གོའི་ས་གཞི་ཆེན་མོ་རུ་རྩ་བ་ཚུགས་ཐུབ་པར་བྱེད་པ་དང་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པའི་བར་གྱི་འབྲེལ་བ་བཅས་ཐག་གཅོད་ཡང་དག་བྱེད་དགོས།

རྩོམ་ཡིག་ལས་བསྟན་དོན། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དུས་ལྟར་བསྐྲུན་པར་ལས་འགན་ཧ་ཅང་ལྕི་ལ་སྒུག་ལོང་གཏན་ནས་མེད་པས། གཅིག་ནི་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ཡག་པོ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྦྱོང་བསླབ་སྐྱོང་དང་། དུས་རབས་གསར་པའི་མི་བཟང་སྐྱོང་བའི་བྱ་བ་ལག་ལེན་དུ་བསྟར་ནས། བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དང་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་སྤྲས་རྒྱུ་དུས་མཉམ་དུ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་མ་ལག་ཅན་དང་རིགས་ལམ་ཅན་གྱི་ཞིབ་འཇུག་དང་འཆད་འགྲེལ་ལ་ཤུགས་བསྣན་ནས། རིག་ཚན་སོ་སོའི་མཚོན་རྟགས་རང་བཞིན་གྱི་གོ་དོན་དང་གསར་གཏོད་རང་བཞིན་གྱི་གཞུང་ལུགས་གཙོ་བོར་བྱས་པའི་ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་འཛུགས་དགོས། ལག་ལེན་ལ་བརྟེན་ནས་མི་གསོ་སྐྱོང་དང་དྲ་ལམ་ནས་མི་གསོ་སྐྱོང་བྱེད་པའི་བར་སྟོང་དང་གཡུལ་ས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དགོས། གཉིས་ནི་སློབ་གསོ་ཡིས་ཚན་རྩལ་དང་འཇོན་མིར་འདེགས་སྐྱོར་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། སློབ་གསོ་དང་ཚན་རྩལ་འཇོན་མིའི་འཁོར་སྐྱོད་བཟང་པོ་ཡོང་བར་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་འཇོན་མིར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་བཅས་གཅིག་འདོམས་ཀྱིས་ལག་ལེན་དུ་བསྟར་ནས། སློབ་གསོ་གོང་འཕེལ་དང་ཚན་རྩལ་གསར་གཏོད། འཇོན་མི་གསོ་སྐྱོང་བཅས་གཞི་གཅིག་ཏུ་སྤེལ་དགོས། ཚན་རྩལ་གོང་འཕེལ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ཁྲིད་སྟོན་དུ་བཟུང་ནས། མཐོ་རིམ་སློབ་ཆེན་གྱི་རིག་ཚན་བཀོད་སྒྲིག་ལེགས་སྒྲིག་ལམ་སྲོལ་དང་འཇོན་མི་གསོ་སྐྱོང་བྱེད་སྟངས་སྔར་ལས་འཐུས་ཚང་དུ་གཏོང་དགོས། མཐོ་རིམ་སློབ་གསོའི་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་བཏང་ནས། རྒྱལ་ཁབ་འཐབ་ཇུས་ཀྱི་འཇོན་མིའི་སྟོབས་ཤུགས་གསོ་སྐྱོང་དང་སྟོབས་ལྡན་དུ་གཏོང་དགོས། གསུམ་ནི་སློབ་གསོའི་སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སློབ་གསོའི་སྤྱི་པའི་ཞབས་ཞུའི་སྤྱི་ཕན་རང་བཞིན་དང་ཁྱབ་ནུས་རང་བཞིན། སྟབས་བདེའི་རང་བཞིན་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། སློབ་གསོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་སྒོ་ནས་ཕན་འདོགས་དགོས། ས་ཁོངས་ཀྱི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་།“ཇེ་ཡང་དུ་གཏོང་བ་གཉིས”གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་སློབ་གསོ་གཞི་གྲངས་ཅན་དུ་བསྒྱུར་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། ཚེ་གང་བོར་སློབ་སྦྱོང་བྱེད་པའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས། བཞི་ནི་དུས་རབས་གསར་པའི་ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་གསོ་སྐྱོང་བྱེད་དགོས། སློབ་གསོ་པའི་སྙིང་སྟོབས་ཀྱིས་སེམས་སྐྱེད་དང་དགེ་རྒན་སྟོབས་ལྡན་དུ་གཏོང་བའི་འགུལ་སྐྱོད་ལག་ལེན་དུ་བསྟར་ནས། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་གི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ། དགེ་རྒན་དོ་དམ་དང་ཐོན་ཁུངས་བཀོད་སྒྲིག་གཅིག་གྱུར་སྒོས་ཇེ་ལེགས་སུ་གཏོང་དགོས། དགེ་རྒན་གྱི་ཆབ་སྲིད་ཀྱི་གོ་གནས་དང་སྤྱི་ཚོགས་ཀྱི་གོ་གནས། ལས་རིགས་ཀྱི་གོ་གནས་བཅས་ཇེ་མཐོར་བཏང་སྟེ། དགེ་རྒན་ནི་སྤྱི་ཚོགས་ཀྱི་མཚན་སྙན་བླ་ན་མེད་པ་ལོངས་སུ་སྤྱོད་མཁན་དང་སྤྱི་ཚོགས་ཀྱིས་བརྩི་འཇོག་ཆེན་པོ་ཐོབ་པའི་ལས་རིགས་ཤིག་ཏུ་འགྱུར་བར་བྱེད་དགོས། ལྔ་ནི་འཛམ་གླིང་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་སློབ་གསོའི་ལྟེ་གནས་གལ་ཆེན་འཛུགས་དགོས། སློབ་གསོ་ཕྱི་ཕྱོགས་སུ་སྒོ་འབྱེད་པར་སྐུལ་འདེད་ཟབ་མོ་གཏོང་བ་དང་།“ནང་འདྲེན”དང“ཕྱིར་སྐྱོད”ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། རྒྱལ་སྤྱིའི་སྟེང་གི་སློབ་གསོའི་ཤུགས་རྐྱེན་དང་འགྲན་རྩོད་ནུས་པ། གཏམ་བརྗོད་དབང་ཆ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། འཛམ་གླིང་ཧྲིལ་པོའི་སློབ་གསོ་བཅོས་སྐྱོང་ཁྲོད་འབད་པས་ཞུགས་ནས། འཛམ་གླིང་ཧྲིལ་པོའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཀྲུང་གོའི་སྟོབས་ཤུགས་སྔར་ལས་མང་པོ་འབུལ་དགོས།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུ་ནི་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་ཀྱིས་ཡུན་རིང་རེ་ལྟོས་ཆེན་པོ་བྱས་པའི་རེ་འདུན་བཟང་པོ་ཞིག་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་མངོན་འགྱུར་བྱེད་པའི་སྔོན་ཁྲིད་ལས་འགན་དང་རྨང་གཞི་བརྟན་པོ། འཐབ་ཇུས་ཀྱི་འདེགས་སྐྱོར་བཅས་ཡིན་པས། ཡིད་ཆེས་བརྟན་པོ་དང་བློ་སྤོབས་ཆེན་པོས་མདུན་སྐྱོད་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་བརྗིད་ཉམས་ལྡན་པའི་དམིགས་འབེན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།།

(ཀྲུང་གོ་བོད་ཀྱི་དྲ་བ་ནས་དྲངས།)