国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་གི་བསྟན་བཅོས་སོ་ནམ་རྒན་པའི་ལག་རྗེས་ཀྱི་ཚན་པ་མཐོ་སྒང་ཡུལ་དུ་སྲན་ནས་ཞོག་ཁོག་གསུམ་པོའི་རྨོད་འདེབས་བྱེད་ཚུལ།

ཧོར་ཁོག་ཟླ་བཟང་།

རྡོག་གཟུགས་སྡོང་རྐང་བཅས་དང་། ས་སྟེང་གི་ཡུ་བ་ལ་གྱེན་དུ་སྐྱེས་པ་དང་། འཕྲེད་དུ་སྐྱེས་པ། ས་ངོས་སུ་ཉལ་བའི་རིགས་སོགས་ཀྱི་དབྱེ་བ་ཡོད། སར་ཉལ་སྡོང་རྐང་ནི་སྡོང་རྐང་གི་ས་སྣག་ཁྲོད་ཀྱི་ཡན་ལག་སྟེ། ཞོག་ཁོག་རིགས་མི་འདྲ་བས་རིང་པོ་ལ་ལི་སྨི་སོ་སུམ་ཡན་དང་ཐུང་ངུ་ལ་ལི་སྨི་གསུམ་ཡན་མན་ཡོད། ས་བོན་གདིང་ཟབ་པོར་མ་བཏབ་པའམ་ས་སྣག་གི་དྲོད་ཚད་མཐོ་དྲགས་པ་སོགས་འགལ་རྐྱེན་གྱིས་སར་ཉལ་སྡོང་རྐང་ས་སྟེང་དུ་བུད་ནས་སྤྱིར་བཏང་གི་ཡལ་གར་འགྱུར་ཉེན་ཆེ་ལ་དེ་ལྟར་གྱུར་ན་འབྲས་བུ་ཆགས་པ་ལ་ཤུགས་རྐྱེན་ངན་པ་ཐེབས་ནས་ཡོང་འབྱུང་མར་ཆག་པ་ཡིན། དེ་བས་ས་བོན་ཅུང་གདིང་ཟབ་པོར་གདབ་པ་དང་ས་ཐེངས་མང་པོ་སྤུང་པ་བཅས་ཀྱིས་དེ་ལྟར་མི་འགྱུར་ཞིང་འབྲས་བུ་མང་པོ་ཐོགས་པ་ལ་ཕན་ཐོགས་ཡོད། རྡོག་གཟུགས་སྡོང་རྐང་ཞེས་པ་ནི་ཆེད་ལས་ཀྱི་བརྡ་ཆད་ཅིག་སྟེ། སར་ཉལ་སྡོང་རྐང་འཚར་ལོངས་བྱུང་བ་དང་བསྟུན་ཏེ་བཅུད་རྣམས་རྒྱུན་མི་ཆད་པ་རྩེ་མོར་བསོགས་ཤིང་ཆེ་རུ་ཕྱིན་ནས་རྡོག་པོ་ཆགས་པ་ཡིན་ལ། དོན་དུ་དེ་ནི་ཞོག་ཁོག་རྨོད་འདེབས་བྱེད་པའི་དགོས་པ་མཐར་ཐུག་སྟེ་འབྲས་བུ་ཆགས་པའི་ཞོག་ཁོག་ཡིན། རྡོག་གཟུགས་སྡོང་རྐང་གི་སར་ཉལ་སྡོང་རྐང་དང་འབྲེལ་ས་དེ་ལ་ལྟེ་བ་ཟེར། རྡོག་གཟུགས་སྡོང་རྐང་གི་པགས་པར་བུ་ག་མང་པོ་ཡོད་ཅིང་མཁའ་རླུང་ནང་གི་དབྱང་དབུགས་རྣམས་བུ་ག་དེ་དག་བརྒྱུད་ནས་ཁོག་ཏུ་སླེབས་པ་ཡིན། དེའི་ཕྱི་ངོས་སུ་མིག་ཀོང་དུ་མ་ཡོད་ཅིང་མིག་ཀོང་གི་གྲངས་མང་ཉུང་དང་གཏིང་ཟབ་ཚད་ནི་ཞོག་ཁོག་ལ་རིགས་ཀྱི་ཁྱད་པར་འབྱེད་པའི་རྟགས་མཚོན་གཙོ་བོ་ཡིན། དེའི་དབྱིབས་ལ་ཟླུམ་པོ་དང་། འཇང་འཇོང་། ཀ་ཟླུམ། སྒོང་དབྱིབས་དང་། ཁ་དོག་ལ་དཀར་པོ། སེར་པོ། སེར་སྐྱ། དམར་པོ། དམར་སྐྱ། སྨུག་སྐྱ་སོགས་ཡོད། དབྱིབས་དང་། པགས་མདོག། འབྲུ་ཤའི་ཁ་དོག་རྣམས་ཀྱང་རིགས་ཀྱི་ཁྱད་པར་འབྱེད་པའི་རྟགས་མཚོན་གལ་ཆེན་པོར་གྱུར་ཡོད། འབྲས་བུ་ཆེས་བཟང་པའི་དབྱིབས་ནི་སྒོང་དབྱིབས་རྩེ་མོ་མ་རྡིབ་པ། ལྟེ་བ་ནང་དུ་མ་འཛུལ་པ། མིག་ཀོང་ཉུང་ཞིང་ངོས་སྙོམས་པ་ཅན་ཏེ། ལས་སྣོན་བྱེད་དུས་པགས་བཤུ་བདེ་ཞིང་བཟའ་བའི་དུས་ཆུས་འཁྲུད་བདེ་བ་སོགས་ཁྱད་ཆོས་ཡོད་པས་ཁྲོམ་རར་རྒྱུགས་ཆེ་བའི་ཟོང་དུ་གྱུར་ཏོ།། ལོ་མ་ལ་ཐོག་མའི་དུས་སུ་ཁ་དོག་ལྗང་ཞིང་ངོས་ལ་བ་སྤུ་སྟུག་པོ་ཡོད་པའི་ལོ་མ་ལ་རྐྱང་ལོའམ་ལོ་མ་རྐྱང་པ་དང་། དེ་ནས་ཡུ་བ་ཇེ་ཆེར་འགྲོ་བ་དང་བསྟུན་ནས་རིམ་བཞིན་བ་སྤུ་ཇེ་ཉུང་དང་རྣམ་པ་སྒྲོ་དབྱིབས་སུ་གྲུབ་པའི་ལོ་མ་ལ་བསྐྱར་ལོ་ཞེས་པ་སོགས་ཀྱི་དབྱེ་བ་ཡོད་ཅིང་ཞོག་ཁོག་རིགས་གང་དུ་གཏོགས་པ་དང་ནད་ཕོག་ཡོད་མེད་སོགས་ལོ་མའི་དབྱིབས་དང་། ཁ་དོག། ངོས་སྙོམས་མི་སྙོམས་སོགས་ལ་བརྟེན་ནས་བརྟག་ཐུབ་བཞིན་ཡོད། མེ་ཏོག་ནི་ཡལ་ག་རེ་ལ་ཧ་ལམ་མེ་ཏོག་གཉིས་ནས་བཞི་ཐོགས་ཤིང་། མེ་ཏོག་གཅིག་རེ་དེ་ཧ་ལམ་ཉི་མ་ལྔ་ཡན་མན་བཞད་པ་དང་སྤྱིའི་ཆ་ནས་མེ་ཏོག་ཚོམ་བུ་ཉི་མ་བཅོ་ལྔ་ནས་བཞི་བཅུ་བར་དུ་བཞད་པ་ཡིན། མེ་ཏོག་གི་ཁ་དོག་ལ་དཀར་པོ་དང་། དམར་སྐྱ། སྔོན་སྨུག་སོགས་མི་འདྲ་བ་མང་པོ་ཡོད་དོ། །

ཞོག་ཁོག་གི་ཐོན་ཚད་མང་ཉུང་ལ་ཤུགས་རྐྱེན་འདོན་པའི་རྐྱེན་གཙོ་བོ་ནི་ཉི་འོད་དང་། དྲོད་ཚད། ཆུ། སྡོང་རྐང་སྲབ་མཐུག་རྣམས་ཡིན། དེ་ལས་ཉི་འོད་ཀྱི་ཆ་ནས། ཉིན་རེའི་འཆར་ཡུན་ཐུང་པས་འབྲས་བུ་སྨིན་པ་ལ་ཕན་ཞིང་ཉིན་རེའི་འཆར་ཡུན་རིང་ན་ཡུ་བ་དང་ལོ་མ་སྐྱེ་བ་ལ་ཕན་པ་དང་། དྲོད་ཚད་ཀྱི་ཆ་ནས། ཞོག་ཁོག་ནི་ཐོག་མར་མེ་གླིང་ལྷོ་མའི་རི་མཐོ་ས་ནས་ཐོན་པས་གྲང་བསིལ་ལ་དགའ་བ་ཞིག་སྟེ། རྡོག་གཟུགས་སྡོང་རྐང་གི་མྱུ་གུ་འབུ་བར་མ་མཐའི་དྲོད་ཚད་ནི་ཧྲེ་ཧྲུ་ཏུའུ་ལྔ་ནས་དྲུག་( ༥℃— ༦℃ ) གི་བར་དང། འབྲས་བུ་འགྲུབ་པར་དྲོད་ཚད་འཚམས་ཤོས་ནི་ཧྲེ་ཧྲུ་ཏུའུ་བཅོ་ལྔ་ནད་བཅོ་བརྒྱད་ ( ༡༥℃—༡༨℃ )བར། སྡོང་རྐང་དང་ལོ་འདབ་སྐྱེ་པར་འཚམས་པའི་དྲོད་ཚད་ནི་ཧྲེ་ཧྲུ་ཏུའུ་ཉེར་གཅིག་ ( ༢༡℃ )བཅས་ཏེ། ཧྲེ་ཧྲུ་ཏུའུ་བཅུ ( ༡༠℃ ) ཡི་ཡན་དུ་བརྒལ་ན་མྱུ་གུ་མྱུར་དུ་སྐྱེ་ཞིང་། ཧྲེ་ཧྲུ་ཏུའུ་སུམ་ཅུ་ཡན་མན་སྐབས་སུ་འབྲས་བུ་སྐྱེ་མཚམས་ཆད་ལ། དྲོད་ཚད་ཧྲེ་ཧྲུ་ཏུའུ་གཅིག་ནས་ཐིག་ལེ་འོག་གི་གཉིས་ ( ༡℃— -༢℃ )ལས་དམའ་ན་ཡུ་བ་དང་རྡོག་གཟུགས་སྡོང་རྐང་འཁེངས་པ་ཡིན། སྤྱིར་བཏང་དྲོད་ཚད་དམའ་བས་འབྲས་བུ་གྲུབ་པ་ལ་ཕན་ཞིང་མཐོ་བས་སྡོང་རྐང་སྐྱེ་མགྱོགས་པ་ལ་ཕན། ཆུ་ཡི་ཆ་ནས། ས་བོན་བཏབ་པ་ནས་མཆུ་འབུར་རྐྱོང་པའི་བར་དུ་ཆུ་ཕལ་ཆེར་མི་དགོས་ཤིང་། མྱུ་གུ་ས་སྟེང་དུ་བུད་པ་ནས་ཆུ་ཡི་དགོས་མཁོ་རིམ་བཞིན་ཇེ་ཆེར་འགྲོ་སྟེ་མཐར་འབྲས་བུ་ཐོགས་པའི་དུས་སུ་དེ་ལས་ཆེ་བ་མེད་པར་གྱུར། དེ་ནས་ཡུ་ལོ་སེར་པོར་འགྱུར་པ་དང་བསྟུན་ནས་ཆུའི་དགོས་མཁོ་ཇེ་ཆུང་དུ་འགྱུར་བ་ཡིན། ཐན་པ་དང་ཞིང་ལ་ཆུས་མི་འདང་པས་ཡུ་ལོ་སྐྱེ་བ་དང་འབྲས་བུ་ཐོགས་པ་ལ་གནོད་པ་ཤིན་ཏུ་ཆེ་ཞིང་། ཞིང་ལ་ཆུ་མང་དྲགས་པའམ་ཞོད་ཆེ་ན་རྩད་པ་ལ་གནོད་པ་ལྷག་པ་ཆེའོ། །སྡོང་རྐང་ཐིབས་པོ་སྐྱེས་ན་སྡོང་པོ་རེ་ལ་ཐོགས་པའི་འབྲས་བུ་རྡོག་པོ་གྲངས་ཉུང་བར་འགྱུར་མོད། འོན་ཀྱང་ཡུ་བའི་གྲངས་མང་པས་སྤྱིའི་ཡོང་སྒོ་ཕལ་ཆེར་འདྲ་ཐུབ་པར་མ་ཟད། ཕྱི་མ་ལ་ཞོག་ཁོག་རྡོག་པོ་ཆུང་ངུ་དང་འབྲིང་པོ་མང་པོ་ཐོན་ཐུབ་བོ། །

གཤམ་དུ་མཐོ་སྒང་གི་གནས་ཚུལ་དང་མཐུན་པའི་སོ་ནམ་བྱེད་ཐབས་ཅུང་ཙམ་བརྗོད་ན། རྨོད་འདེབས་མ་བྱེད་གོང་གི་གྲ་སྒྲིག་སྐོར་ལ། དང་པོ་ས་བོན་བཟང་འདེམས་བྱེད་དགོས། སྤྱིའི་ཆ་ནས་བརྗོད་ན་ཞོག་ཁོག་ལ་རིགས་མང་པོ་ཡོད་པས་བེད་སྤྱོད་མི་འདྲ་བ་དང་བསྟུན་ནས་ས་བོན་ཡང་མི་འདྲ་བ་གདམ་དགོས། ཟ་འབྲུ་བྱེད་རྒྱུ་ལ་ནད་འགོག་པའི་ནུས་པ་ཡོད་པ་དང་འབྲས་བུ་བཟང་པོ་སྨིན་པའི་རིགས་ཡིན་དགོས་པར་མ་ཟད། ཕིང་རྩམ་འདུས་མང་དགོས། དེ་འདུས་མང་ན་བཙོས་ན་ཁ་འགས་བདེ་ཞིང་གས་མང་པ་དང་། སབ་སོབ་ཏུ་འགྱུར་པ། ཟས་སྤུས་བཟང་བ། བྲོ་བ་ཞིམ་པ། དྲི་མ་ངན་མ་དང་བྲལ་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་ཡིན། སྔོ་ཚལ་གྱི་དོད་དུ་བྱ་རྒྱུ་ལ་ནད་འགོག་ནུས་པ་དང་སྨིན་སྟོབས་ཆེ་དགོས་པར་མ་ཟད། འབྲུ་རྡོག་ཆེ་བ་དང་། མིག་ཀོང་མི་ཟབ་པ། ཕིང་རྩམ་ཉུང་བ། ཟས་ན་བྲོ་བ་ཞིམ་པ་བཅས་གདམ་དགོས། ལས་སྣོན་བྱ་རྒྱུ་ལ་ནད་འགོག་པ་དང་འབྲས་བུ་མང་བའི་རིགས་ཡིན་པའི་ཐོག་ཕིང་རྩམ་འདུས་མང་པ་དང་། མིག་ཀོང་མི་ཟབ་པ། མངར་ཆ་ཉུང་པ། ཆེ་ཆུང་གྲལ་འགྲིག་པ་བཅས་གདམ་འོས། གཉིས་པ་ཞིང་སའི་ཆ་རྐྱེན་ལ། ཞོག་ཁོག་ནི་ཞིང་ས་གཅིག་ཏུ་ལོ་བསྟུད་ནས་གདབ་མི་རུང་པས་ངེས་པར་དུ་ལོ་སྔ་མར་ལོ་ཏོག་གཞན་བཏབ་པའི་ས་ཡིན་དགོས། ལོ་གསུམ་དང་ལྔའི་བར་མཚམས་ཕྱེ་སྟེ་ལོ་ཏོག་བརྗེ་རེས་བྱས་ན་ཞིང་སའི་བཅུད་གསོ་ཐུབ་པར་མ་ཟད། ལོ་ཏོག་ལ་ནད་ཕོག་པ་དང་འབུའི་གནོད་པ་འབྱུང་བའི་གོ་སྐབས་ཇེ་ཉུང་གཏང་ཐུབ། ཁྱད་པར་དུ་ཞིང་ས་དང་སོག་སྙིགས་བརྒྱུད་ནས་འགོ་བའི་ནད་དང་འབུ་དང་ལྡུམ་བུ་རྣམས་ཀྱི་གནོད་པ་འགོག་པ་ལ་ཕན་ཐོགས་ཆེན་པོ་ཡོད། ཞོག་ཁོག་དང་བརྗེ་རེས་བྱས་ནས་གདབ་རྒྱུའི་ལོ་ཏོག་ལ་ནས་སོགས་སྙེ་མ་ཅན་དང་སྲན་མའི་རིགས་རྣམས་བཟང་པོ་ཡིན་ལ། ཀྲུ་མ་ཀྲུ་སོགས་རང་དང་རིགས་མཐུན་པའི་ལོ་ཏོག་རྣམས་ལ་ནི་ཐུན་མོང་གི་ནད་དང་འབུ་སྲིན་ཡོད་པས་ཞོག་ཁོག་དང་བརྗེ་རེས་བྱས་ནས་གདབ་མི་རུང་། གཞན་ཞོག་ཁོག་ནི་རྨོ་གདིང་ཟབ་དགོས་པའི་ལོ་ཏོག་ཡིན་པས་སྤྱིའི་ཆ་ནས་ཞིང་ས་ངེས་པར་དུ་སབ་སོབ་དང་རྨོ་རིམ་ཟབས་རིང་པོ་ཡིན་དགོས་ཤིང་། བྱེ་བྲག་ཏུ་ཞིང་སའི་གནས་ཚུལ་དང་ཡང་བསྟུན་དགོས་པ་སྟེ། བྱེ་མ་འདྲེས་པའི་ས་ལ་རྨོ་གདིང་ཟབ་དགོས་པ་དང་ས་ཚི་ཅན་གྱི་ཞིང་ས་དེ་ཙམ་མ་ཟབ་ན་བཟང་བ་ཡིན། རྨོ་ཐེངས་སྔ་ཕྱི་ཡི་ཆ་ནས་སྟོན་རྨོས་དུས་སུ་སྦྱག་སློག་གཏིང་ཟབ་པོ་བརྒྱག་དགོས་པ་དང་དཔྱིད་རྨོས་གཏིང་ཟབ་མི་དགོས་པའི་གནས་ལུགས་ནི་ཞོག་ཁོག་ལའང་འཚམས་པ་ཡིན་ནོ།།

གསུམ་པ་ལུད་ཀྱི་ཐད་ནས་བརྗོད་ན། ཞོག་ཁོག་ལ་ཐོག་མཐའ་བར་གསུམ་དུ་འགྲོ་སོང་ཆེས་ཆེ་བ་ནི་ཅྭ་ལུད་( རྩྭ་ཤིང་སོགས་བསྲེགས་པའི་གོ་ཐལ་ལ་ཅྰ་ལུད་འདུས་མང་ )དང་། དེ་རྗེས་ཏན་ལུད། ཆེས་ཉུང་བ་ལིན་ལུད་ཡིན། ཏན་ལུད་མང་དྲགས་ན་ཡུ་བ་ཧོབ་ཏེ་ཁ་ལ་ཆེ་ཞིང་འབྲས་བུ་སྨིན་ཡུན་ཕྱིར་འགྱང་པའམ་ཡུ་བ་སྐྱེ་པ་ལས་འབྲས་བུ་མི་ཆགས་པ་ལྟ་བུར་འགྱུར་སྲིད། འོན་ཀྱང་ལིན་ལུད་མང་པོ་མི་དགོས་པ་ལས་གཏན་ནས་མེད་པ་ནི་ནམ་ཡང་མི་རུང་སྟེ། གལ་ཏེ་ལིན་མ་འདང་ན་ཡུ་བ་སྐྱེ་མཚམས་ཆད་པ་དང་། འབྲས་བུ་སྤུས་ཀ་མི་བཟང་པ། ཞོག་ཁོག་བཙོས་མ་སྲ་མོར་འགྱུར་ཞིང་རོ་མི་ཞིམ་པ་ལྟ་བུ་སོགས་སུ་འགྱུར་སྲིད། ལུད་འདེབས་དུས་འོག་ལུད་གདབ་པ་གཙོ་བོ་བྱེད་དགོས་ཤིང་། འོག་ལུད་ནི་ཁྱིམ་དུ་བསོགས་པའི་ལུད་བཟང་ཞིང་དེར་རྫས་སྦྱོར་གྱི་ལུད་འོས་འཚམས་བསྲེས་ན་ཞོག་ཁོག་གི་དགོས་མཁོ་བསྐང་བ་ལ་ཕན། འོག་ལུད་འགྲེམས་སྟོང་བཟང་ཤོས་ནི་སྟོན་རྨོས་སྐབས་སུ་སྔོན་དུ་བཀྲམ་ནས་རྨོས་ཤིང་བཤལ་བ་ཡིན་ལ། ལུད་ཀྱིས་མ་འདང་ན་ས་བོན་འདེབས་དུས་རོལ་འོབས་སུ་ས་བོན་ཐོག་ཏུ་དགྲམ་ཆོག། སྤྱིར་བཏང་ཞིང་རྒྱ་སྤྱི་ཆིང་གང་རེ་ལ་ཁྱིམ་ལུད་བཟང་པོ་སྟོང་ཁེ་བཞི་ཁྲི་ལྔ་སྟོང་(༤༥༠༠༠㎏)བཀྲམ་ན་འདང་ལ། མཐུན་རྐྱེན་ཡོད་པས་དེ་ལས་མང་བ་དགྲམ་ཡང་ཕན་ཐོགས་དེ་ལས་ཡོད་དོ། །

བཞི་པ་ས་བོན་གྱི་གྲ་སྒྲིག་ལ། གཙོ་བོ་ས་བོན་ལེགས་པ་གདམ་པ་དང་། ས་བོན་ལ་མྱུ་གུ་འབུར་སྐུལ་བ། ས་བོན་ཁ་བཀས་པ་བཅས་ལས་ཀ་རིམ་པ་གསུམ་ཡོད། ནད་མེད་པའི་ས་བོན་བཏབ་པ་ནི་འབྲས་བུ་བཟང་པོ་སྨིན་པའི་སྔོན་འགྲོ་དང་རྨང་གཞི་ཡིན་པས་དང་པོར་ས་བོན་བཟང་པོ་གདམ་བསལ་བྱེད་དགོས། ས་བོན་གདམ་བསལ་བྱེད་སྐབས་ཞོག་ཁོག་ཧྲིལ་བོ་ཆ་ཚང་བ་དང་། སྐྱོན་མེད་པ། རྨ་མེད་པ། ནད་དང་འབུ་ཡིས་གནོད་མེད་པ། འཁྱགས་འཁེངས་མ་ཤོར་པ། ཕྱི་ངོས་འཇམ་ཤ་དོད་པ། བཀྲག་མདོག་

ཆགས་པ། ཆུང་ཞིང་མཉེན་པ་བཅས་གདམ་དགོས། སྐུད་པ་འཁེལ་བྱེད་ཀྱི་འཕང་ལྟ་བུ་དང་། ཤུན་པགས་རྩུབ་པོར་གྱུར་པའམ་རྒས་ཉམས་དོད་ཟིན་པ། མིག་ཀོང་ཕྱིར་འབུར་པ། ཕྱི་ངོས་སུ་གས་ཤུར་ཆགས་པ་ལྟ་བུའི་དབྱིབས་ཡ་མ་གཟུགས་ལ་སོགས་པ་རྣམས་ནི་ཕལ་ཆེར་སྐྱེ་སྟོབས་ཟད་ཚར་པས་ངེས་པར་དུ་འདོར་དགོས། དེ་བཞིན་དུ་ལ་དོང་ནང་དུ་ཉར་ཚགས་བྱེད་པའི་སྐབས་ནས་མཆུ་འབུར་བརྐྱངས་ཟིན་ན་ངེས་པར་དུ་མྱུ་གུ་རྣམས་གཙང་མ་བྱེད་དགོས། ས་བོན་ལ་མྱུ་གུ་འབུར་སྐུལ་བ་ཞེས་པ་ནི། གཉིད་དུ་ཡུར་བའི་དུས་རིམ་མ་བརྒྱུད་པའི་ཞོག་ཁོག་ལ་མིའི་ཐབས་ཀྱིས་མཆུ་འབུར་སྐྱེ་ནུས་པར་བྱེད་པ་ལ་ཟེར། དེ་ཡང་ཞོག་ཁོག་ལ་ཧ་ལམ་ཟླ་བ་གསུམ་བཞི་ཙམ་གྱི་རིང་ལ་གཉིད་དུ་ཡུར་པའི་དུས་རིམ་ཞིག་བརྒྱུད་ན་ད་གཟོད་མྱུ་གུ་མགྱོགས་པར་འབུ་ནུས་པ་ཡིན། མྱུ་གུ་འབུ་སྐུལ་བྱེད་སྟངས་ཀྱི་ཐབས་ཤེས་ལ། དཔེར་ན། ས་བོན་གདབ་རན་པ་ལ་ཉི་མ་བཅོ་ལྔ་ནས་ཉི་ཤུ་(༡༠—༢༠d)ཡི་བར་ཡོད་པའི་དུས་ནམ་ཞིག་ལ་ཞོག་ཁོག་ལ་དོང་ལས་བཏོན་ནས་ཁ་ཉི་འོད་ལ་ཕྱོགས་པའི་ཁང་པའི་ནང་དུ་ཐང་ལ་བཏིང་། ནང་གི་དྲོད་ཚད་ཧ་ལམ་ཏུའུ་བཅོ་ལྔ་(༡༥℃)ཡན་མན་ཡོད་པར་གཏན་འཁེལ་བྱེད། ཉིན་ཁ་ཤས་རེར་སྟེང་འོག་རེ་བརྗེས་ཏེ་ཞོག་ཁོག་ཚང་མ་ལ་ཉི་འོད་ཕོག་ཏུ་བཅུག། དེ་ལྟར་མིག་ཀོང་ལས་མྱུ་གུ་འབུ་རྟགས་མངོན་པ་ཙམ་དང་ཞིང་སར་བཏབ་པ་ལྟ་བུ་དང་། ཡང་ན། ཐོག་མར་ཁ་ཉི་ལ་ཕྱོགས་ཤིང་རླུང་མེད་པའི་ས་ན་ཞེང་ལ་ལི་སྨི་བཅུ་ནས་བཅོ་ལྔ་(༡༠—༡༥)དང་དཀྱུས་རིང་ཐུང་དགོས་པ་ལྟར་བྱས་པའི་ཉལ་ས་བཟོས་པར་འོག་གདན་སོག་རྩྭ་འདིང་། དེ་ནས་ཞོག་ཁོག་རྣམས་ལ་དོང་ལས་བཏོན་ཏེ་དེའི་ཐོག་ཏུ་མཐུག་ཚད་ལ་རིམ་པ་གཉིས་གསུམ་ཙམ་ཡོད་པ་བྱས་ནས་བཀྲམ། མཚན་མོར་རྩྭ་སོགས་ཀྱིས་བཀབ་ནས་མི་འཁེང་པ་དང་ཉིན་དཀར་ཁ་ཕྱེ། ཉིན་གསུམ་ནས་ལྔའི་བར་རེ་ལ་སྟེང་འོག་ཐེངས་རེ་བརྗེ་བཞིན་ཉི་མ་ཉི་ཤུ་ཡན་མན་བཞག་རྗེས་བཏབ་པ་ལྟ་བུ། ཡང་མིན་ན། ཞེང་ལ་སྨི་གཅིག་(༡ m ) དང་ཟབས་སུ་ལི་སྨི་ལྔ་བཅུ་(༥༠㎝ )ཡོད་པའི་འོབས་ཤུར་བརྐོས་པར་འོག་གདན་སོག་མ་བརླན་པ་མཐུག་ཚད་ལི་སྨི་བཅོ་ལྔ་(༡༥㎝)ཙམ་ཡོད་པ་བཏིང་། དེའི་ཐོག་ཏུ་རྟ་སྦང་མཐུག་ཚད་ལ་ལི་སྨི་བཅོ་བརྒྱད་(༡༨㎝)ཙམ་ཡོད་པའི་རིམ་པ་ཞིག་གིས་གླན། དེའི་ཐོག་ཏུ་ཡང་ས་ཞིབ་མོ་མཐུག་ཚད་ལི་སྨི་གཅིག་དང་ཕྱེད( ༡.༥㎝)ཙམ་ཡོད་པའི་རིམ་པ་ཞིག་གིས་བཀབ་ཏེ་དྲོད་སྲུང་། དེ་ནས་ཞོག་ཁོག་ས་བོན་མ་གདབ་སྔོན་གྱི་ཉིན་ཉི་ཤུ་ནས་སུམ་ཅུའི་བར་ཞིག་ནས་འོབས་ཤུར་ནང་དུ་བླུགས་ཤིང་ཐོག་མའི་ཉིན་བཅུ་ཡི་རིང་དུ་ཉིན་མཚན་གཉིས་ལ་ཐོག་ཏུ་ཁེབས་ཀྱིས་འགེབས། ཉིན་བཅུའི་རྗེས་ནས་ཉིན་དཀར་དྲོད་ཚད་ཏུའུ་གཅིག་གི་ཡན་དུ་བརྒལ་དུས་ཁེབས་ཕྱེ་ཏེ་ཉི་འོད་ཕོག་ཏུ་བཅུག། དེ་ལྟར་ཉི་མ་ཉི་ཤུ་ཡན་མན་ཙམ་བརྒྱུད་རྗེས་ས་ལ་བཏབ་པ་ལྟ་བུ་སོགས་མི་འདྲ་བ་སྣ་ཚོགས་པ་ཡོད་དོ། །

( མུ་འགོད།)