ང་ཚོ་བློ་ལྡན་སློབ་མ།།
དགེ་རྒན་དམ་པའི་མིག་ཡིན།།
ཕ་མ་བཟང་པོའི་སྙིང་ཡིན།།
ཀ་ཁ་ག་ངའི་གླུ་ཤེས།།
ང་ཚོ་ཡ་རབས་སློབ་མ།།
གངས་རིའི་མཛེས་པའི་མེ་ཏོག།
ང་ཚོ་གངས་རིའི་མེ་ཏོག།
མེ་ཏོག་གངས་ལྷ་མེ་ཏོག།
ཨ་ཕའི་ཁ་ཏ་སྙན་མོ།།
ཨ་མའི་འཛུམ་ཆུང་མེ་ཏོག།
ལམ་གྱི་གླུ་ཆུང་ལེན་ཞོར།།
སློབ་གྲྭའི་ནང་ལ་ཁྱེར་ཡོད།།
དཔེ་ཆ་ཆུང་ཆུང་ནང་ལ།།
གླང་ཆེན་སྣ་རིང་ཞིག་དང་།།
རི་བོང་བློ་ལྡན་ཞིག་ཡོད།།
ང་ཚོས་མཉམ་དུ་ལྟ་ལྟ།།
འཛིན་གྲྭའི་སློབ་གྲོགས་ཆུང་ཆུང་།།
མཉམ་དུ་རྩེད་མོ་རྩེ་རྩེ།།
མཉམ་དུ་གླུ་ཆུང་ལེན་ལེན།།
མཉམ་དུ་ཀ་ཁ་སྦྱངས་སྦྱངས།།
ང་ཚོ་ཁྱོད་ཀྱི་སློབ་གྲོགས།།
ཁྱོད་ཚོ་ང་ཡི་སློབ་གྲོགས།།
སློབ་གྲོགས་བཟང་པོ་ཡིན་ཡིན།།
མཐུན་པ་སྤུན་བཞི་ཡིན་ཡིན།།
༼ ཆོས་འབྱོར་རྒྱ་མཚོ། ༽