国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྱིས་པ་ཚོར་ཕུལ་ བའི་མེ་ཏོག།

དྭངས་གཙང་ཁོར་ཡུག་བརྗིད་ཆགས་ཤིང་། །

འཛུམ་མདངས་ཚོན་གྱིས་མ་ལྷད་པའི། །

མ་འོངས་རིགས་ཀྱི་བདག་པོ་ཚོ། །

ཕ་སྐད་མ་ཡིག་བརྩི་བསྲུང་དགོས། །

འདི་ན་དྲིན་ཆེན་ཕ་མ་ཟུང་། །

དཀའ་སྡུག་འཚོ་བར་འབད་འབུངས་ཀྱིས། །

ཁྱེད་ཅག་མདུན་ལམ་གཞིག་གཞིགས་ནས། །

ལེགས་པའི་ལམ་སྣར་ཧུར་གྱིས་ཞུགས། །

ཕྱི་ཚུལ་བོད་གོས་སྤུས་དག་ཅིག །

གྱོན་ཏེ་མ་འོངས་མདུན་བསུས་དང་། །

མི་རིགས་ཤིག་གི་ལོ་རྒྱུས་ནང་། །

འོད་སྟོང་འཕྲོ་བའི་བྱས་རྗེས་འཇོག། །

ལྷད་མེད་མི་གཤིས་བཟང་པོ་ལ། །

གཡོ་སྒྱུས་ངན་ཤུགས་མ་ཞུགས་པར། །

ཡབ་ཡུམ་ཉི་ཟླའི་སློབ་གསོ་དག །

རྒྱང་དུ་དོར་བར་མ་མཛད་ཅིག །

དབྱངས་གསལ་མེ་ཏོག་འཛུམ་པའི་དབུས། །

ནང་གི་ཡོན་ཏན་མཐར་སོན་པར། །

ལྷོད་མེད་འབད་པ་དྲག་ཏུ་བྱོས། །

དགེ་བའི་གཤེས་ལ་དད་གུས་ཀྱིས། །

མ་འོངས་འཚོ་བའི་ལམ་ཁ་ནས། །

ཉམ་ཆུང་མི་རྣམས་བརྩེ་གཟིགས་དང་། །

ན་མཉམ་སྤུན་ལ་མཐུན་ནི་བྱོས། །

ད་གཟོད་རྒྱལ་ཁ་འཐོབ་པར་ངེས། །

ཁ་སེམས་བསམ་པ་དཀར་པོ་ཡིས། །

སྙན་ཚིག་འདི་དག་སྤྲིངས་པ་ཡིན། །

གལ་ཏེ་བདེན་པའི་གཏམ་སྙམ་ན། །

ཉམས་སུ་ལེན་དགོས་གཅེས་ཕྲུག་ཚོ། །

༼ ཁམས་ཟླ་སྲས། ༽