སྤྱི་ཟླ6པའི་ཚེས3ཉིན། ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་རིམ་པ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བའི་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་འཛིན་གྲྭ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གིས་ཏང་མི་ལས་བྱེད་པས་སློབ་སྦྱོང་སློབ་གསོའི་རིང་སྒྲིག་འགལ་བཟའ་བཏུང་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་དང་འགལ་བའི་དཔེ་མཚོན་གནད་དོན་གཉིས་སྐོར་གྱི་བརྡ་ཁྱབ་ཆེད་དོན་བརྒྱུད་བསྒྲགས་དང་ཞིང་ཆེན་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད།
ཚོགས་འདུར་ཀྲུང་དབྱང་རིམ་པའི་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་གཉེར་འཛིན་གྲྭ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གི་བརྡ་ཁྱབ་བཏང་བ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་རྒྱུན་ཆད་མེད་པར་དོན་འཁྱོལ་དང་སྐུལ་འདེད་གཏོང་བར་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་གང་ལེགས་མཚོན་པ་དང་། ཏང་ཀྲུང་དབྱང་གིས་དོན་ཐོག་ནས“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ་དང་དར་སྲོལ་གསར་པ་འཛུགས་པའི་ཆོད་སེམས་བརྟན་པོ་གང་ལེགས་མངོན་པར་མ་ཟད། ཁྱོན་ཡོངས་ནས་ནན་ཐོག་ཡང་ནན་གྱི་བརྡ་གསལ་པོ་བཏང་ཡོད། རང་རེའི་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ་ཆུས་ཀྱི་འབྲེལ་ཡོད་ཏང་མི་ལས་བྱེད་པས་སྒྲིག་འགལ་བཟའ་བཏུང་གི་གནད་དོན་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བའི་སློབ་སྦྱོང་སློབ་གསོ་བྱེད་རིང་བྱུང་བ་ཡིན་ཞིང་།དེ་ནི་དཔེ་མཚོན་གྱི་སྒྲིག་ཁྲིམས་དང་འགལ་བ་ཞིག་ཡིན་པས། ས་གནས་ཀྱི་ཆབ་སྲིད་ཚུགས་གནས་དང་ཏང་དང་མང་ཚོགས་དང་ལས་ཚོགས་བར་གྱི་འབྲེལ་བར་གནོད་པ་ཚབས་ཆེན་བྱས་པ་དང་།སི་ཁྲོན་ལས་བྱེད་པའི་དཔུང་ཁག་གི་གཟུགས་བརྙན་ལ་གནོད་པ་ཚབས་ཆེན་བཏང་ཡོད། ངོ་བོ་ཧ་ཅང་ཚབས་ཆེན་དང་།ཤུགས་རྐྱེན་ཧ་ཅང་ངན་པ། བསླབ་བྱ་ཧ་ཅང་ཆེན་པོ་བཅས་ཡིན་པས། ཞིང་ཆེན་ཡོངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་མི་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་བརྡ་ཁྱབ་ཀྱི་སྙིང་དོན་ཐོག་ཏན་ཏིག་གཅིག་གྱུར་བྱས་ཏེ།བསླབ་བྱར་གོ་བ་ཟབ་མོ་བླངས་ཤིང་།བཟའ་བཏུང་གི་ལོག་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་“གཏན་འཁེལ་གཉིས”ལ་བརྩི་སྲུང་བརྟན་པོ་བྱེད་པ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པར་བྱ་དགོས།
ཚོགས་འདུར་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་འོག། རང་རྒྱལ་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་རྒྱུན་འཁྱོངས་དང་དོན་འཁྱོལ་བྱས་ཏེ། མངོན་གསལ་དོད་པོས“སྤྱོད་ཚུལ་བཞི”ཡི་སྣང་ཚུལ་འགའ་ཞིག་བཀག་འགོག་བྱས་ཡོད། འོན་ཀྱང་རང་རེའི་ཞིང་ཆེན་གྱི་སྤྱོད་ཚུལ་འཛུགས་སྐྱོང་གི་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བ་དང་། ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ། སྒྲིག་འགལ་བཟའ་བཏུང་བྱེད་པའི་གོམས་གཤིས་ངན་པ་བཀག་འགོག་བྱས་ཀྱང་ད་དུང་རྒྱུན་མ་ཆད་པས། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་རྒྱག་བཞིན་པ་ལས་ལེགས་འགྲུབ་བྱུང་མེད་པ་དེ་གསལ་པོ་ཤེས་དགོས།
ཚོགས་འདུར་བསྟན་དོན།ངེས་པར་དུ་གྱོད་དོན་གསལ་འབྱེད་དང་ཉེན་བརྡ་རྒྱུན་སྒྲོག་བྱས་ནས་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་བཟོ་དགོས། ངེས་པར་དུ་ནན་པོ་དང་དྲག་པོའི་ཐོག་ནས་བཟའ་བཏུང་གི་སྤྱོད་ངན་རྩ་བ་ནས་བཅོས་དགོས།ངེས་པར་དུ་ལག་ལེན་དོན་འཁྱོལ་དང་། རྒྱུན་གཏན་དམ་འཛིན་བྱས་ནས་འགན་འཁྲིའི་འབྲེལ་ཐག་དམ་དུ་གཏང་དགོས།། ( ལྷ་འཛོམས་ཀྱིས་བསྒྱུར།)
