སྤྱི་ཟླ6པའི་ཚེས3ཉིན། ཁུལ་ཨུའི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་ཚང་འཛོམས་གྲོས་ཚོགས་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུ་ཡིག་ཆའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་།འབྲེལ་ཡོད་ལས་ཀའི་སྙན་ཞུ་ཉན་འཇོག། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་ཕྱིན་ཆད་ལས་ཀར་བཀོད་སྒྲིག་སོགས་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚོ་ཆུང་གི་མགོ་གཙོ་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་བ་རེད།
ཚོགས་འདུར་བསྟན་དོན།འདི་ལོ་ནི་དཀར་མཛེས་ཁུལ་བཙུགས་ནས་ལོ75འཁོར་བ་ཡིན་པས། བསམ་བློ་རིག་གནས་དང་འདུ་ཤེས་འཛིན་སྟངས་དྲིལ་བསྒྲགས་ལས་ཀ་ཡག་པོ་བསྒྲུབ་རྒྱུར་ཧ་ཅང་གལ་འགངས་ཆེ་བ་དང་། རིམ་པ་ཁག་དང་སྡེ་ཁག་སོ་སོས་བསམ་བློ་དང་རིག་གནས་དྲིལ་བསྒྲགས་ལས་ཀའི་སྐོར་གྱི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་ནན་ཏན་བྱས་ཏེ།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཆང་བ་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་ནས་བློ་བརྟན་འགྱུར་མེད་ངང་དར་ཆ་སྒྲེང་བ་དང་།དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་བ། གཟུགས་བརྙན་ལེགས་སྟོན་བཅས་བྱས་ཏེ། བསམ་བློ་དང་རིག་གནས་དྲིལ་བསྒྲགས་ལས་ཀའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོར་གཏོང་དང་། རིག་གནས་སྟོབས་ལྡན་ཁུལ་འཛུགས་སྐྱོང་བྱེད་ནུས་དང་ཆུ་ཚད་ལ་བསྐུལ་དགོས།
ཚོགས་འདུར་དམིགས་འབེན་དང་ལས་འགན་ལ་དམིགས་ཏེ་གནད་ལ་འཁེལ་བའི་ནུས་ཤུགས་འདོན་སྤེལ་གྱིས་དཀར་མཛེས་ཁུལ་གྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཁྱོན་ཡོངས་ནས་བསྐུལ་དགོས་པའི་བླང་བྱ་བཏོན། གཅིག་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་རྒྱག་དགོས། གཉིས་ནས་གཙོ་རྒྱུན་གྱི་གླེང་ཕྱོགས་སྟོབས་ཆེ་རུ་གཏོང་དགོས། གསུམ་ནས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་བསྐུལ་དགོས། བཞི་ནས་དཔལ་ཡོན་གྱི་སྤྱོད་ཚུལ་གསར་པར་གསོ་སྐྱོང་བྱ་དགོས། ལྔ་ནས་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།
ཚོགས་འདུར་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་ཀ་ཡག་པོ་བསྒྲུབ་དགོས་ན། ངེས་པར་དུ་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་བརྒྱབ་སྟེ་རིག་གནས་ཀྱི་འགན་འཁྲི་གསར་པ་འཁུར་རྒྱུར་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱ་དགོས།ཁུལ་ཨུའི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་ཀ་འགོ་ཁྲིད་ཚོ་ཆུང་གིས་སྣེ་ཁྲིད་དེ་སྤྱིའི་འགན་འཁྲི་ལག་བསྟན་ནན་ཏན་བྱེད་པ་དང་། ཁོངས་མིའི་སྡེ་ཚན་ཁག་གིས་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་དགོས། རིམ་པ་ཁག་གི་ཏང་ཨུ(ཏང་ཚན་ཁག)ཡིས་འགོ་ཁྲིད་འགན་འཁྲི་འཁུར་དགོས།“སྤྱོད་ཚུལ་བསྒྱུར།བྱས་རྗེས་འཇོག། སྒྲིག་ལམ་སྲུང”ཞེས་པའི་ལས་ཀའི་བླང་བྱ་དམ་འཛིན་བྱས་ཏེ་ལས་ཀའི་སྒྲིག་ཁྲིམས་ནན་སྲུང་དང་།བསྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ།ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ།ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་གསུང་གནང་བ་རེད།།
(བདེ་སྐྱིད་ཀྱིས་བསྒྱུར། )
