国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཡུལ་སྐོར་བ་ཁྲི53ལས་བརྒལ་བ།

ལྔ་ལྔ་དུས་ཆེན་སྐབས་རང་ཁུལ་དུ་རིག་གནས་ཡུལ་སྐོར་གྱི་ཚ་རླབས་དགུང་ལ་འཕྱུར།

དར་མདོ་གྲོང་ཁྱེར2025ལོའི་གངས་དཀར་འོ་སེ་མེ་ཏོག་མཛེས་ལྗོངས་པར་ལེན་དུས་ཚིགས་སྐབས་གསུམ་པར་ཡུལ་སྐོར་བ་ཚོས་མཛེས་ལྗོངས་པར་ལེན་བཞིན་པ།

ཉིན་ཤས་གོང་གསར་འགོད་པས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ལྔ་ལྔ་དུས་ཆེན་གྱི་གུང་གསེང་རིང་ཁུལ་ཡོངས་ནས་ཡུལ་སྐོར་བ་ཁྲི53.23སྣེ་ལེན་བྱས་པ་དང་།ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར5.98མངོན་འགྱུར་བྱུང་བ་རེད། དེ2024ལོའི་དུས་མཚུངས་ལས་བརྒྱ་ཆ5.28དང7.55སོ་སོར་འཕར་བས། རིག་གནས་ཡུལ་སྐོར་ཁྲོམ་ར་བདེ་འཇགས་བརྟན་པོར་བྱུང་ཡོད། སྒོ་ཕྱེ་པའིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ102ཀྱིས་ཡུལ་སྐོར་བ་ཁྲི18.13སྣེ་ལེན་བྱས་པ་དང་། དུང་དཀར་ལུང་པ་དང་འདབ་པ་ཉི་སྟེན། ལྕགས་ཟམ་ཟམ་པ་སོགས་ལྗོངས་ཁུལ་གཙོ་བོས་རྒྱུན་སྲིང་ངང་འཁོར་འདྲེན་གྱི་ནུས་པ་ཆེན་པོ་འདོན་སྤེལ་བྱས་པ་དང་། ཁུལ་ཡོངས་ཀྱི་དཔེ་མཛོད་ཁང་དང་རིག་གནས་ཁང་། དངོས་མང་བཤམས་སྟོན་ཁང་སོགས་སྤྱི་པའི་རིག་གནས་སྤེལ་ཡུལ་གྱིས་མང་ཚོགས་ཁྲི1.11སྣེ་ལེན་བྱས་པ་རེད། ལྷག་པར་དུ་དགའ་འོས་པ་ཞིག་ནི་ཁུལ་ཡོངས་སུ་བདེ་འཇགས་དོན་རྐྱེན་ཚབས་ཆེན་དང་ཞུ་གཏུག་དོན་རྐྱེན་ཐོན་མེད་པས། ཡུལ་སྐོར་བ་ཚོར་བློ་བདེ་བག་ཕེབས་ཀྱི་ཁོར་ཡུག་མཁོ་འདོན་བྱས་པ་རེད།

ཁྲོམ་ར་བརྟན་ཐོག་ཡར་འཕེལ་ནི་འགྲུལ་པར་གནད་འཁེལ་ཁྲིད་སྟོན་དང་ཞིབ་ཕྲའི་ཞབས་ཞུ་འགན་ལེན་ལས་བྱུང་བ་རེད། གུང་གསེང་གི་དུས་ཡུན་དང“སི་ཁྲོན་གྱི་རི་རྒྱལ་ལྷུན་པོ་གངས་དཀར་རི་བོ”ཡི་སྤུས་རྟགས་ཀྱིས་མུ་མཐུད་ཤུགས་རྐྱེན་ཐེབས་པས། ལམ་ཐག་ཐུང་བའི་རང་འཁོར་ཡུལ་སྐོར་གཙོ་ཤུགས་སུ་གྱུར་པ་དང་།ཞིང་ཆེན་ནང་ཁུལ་དང་མཐའ་འཁོར་གྱི་ཡུལ་སྐོར་བའི་བསྡུར་ཚད་མངོན་གསལ་དོད་ཅིང་། གངས་དཀར་རི་བོའི་མཐའ་འཁོར་ས་ཁོངས་ཀྱི་དར་མདོ་དང་ལྕགས་ཟམ། རོང་བྲག་སོགས་རྫོང(གྲོང་ཁྱེར)གྱི་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་བརྒྱ་ཆ69.6ལ་ཟིན་པས།“གངས་དཀར་རི་བོ་ལྟེ་བར་བྱས་ནས་ས་ཚིགས་མང་པོ་མཉམ་འགུལ་བྱེད་པའི”རྣམ་པ་མངོན་གསལ་དོད་པོས་ཆགས་པ་རེད། དེ་དང་ཆབས་ཅིག་ཚོང་གཉེར་བྱེད་ཐབས་གསར་གཏོད་ཀྱི་ཡུལ་སྐོར་ཚ་རླབས་ལ་མུ་མཐུད་དུ་སྒུལ་ཤུགས་བསྣན་ཏེ། ཁུལ་ནང་དུ《འཕྲིན་སྦྱོར་གསར་པའི་དྲྭ་གྲགས་ཅན་གྱི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་བརྩམས་ཆོས་ལ་བྱ་དགའ་སྤྲོད་ཐབས》བཏོན་པ་དང་བྱ་དགའ་མ་དངུལ་སྒོར་ཁྲི300བཀོད་སྒྲིག་བྱས། འབྲེལ་ཡོད་རྫོང(གྲོང་ཁྱེར)གིས་ཡུལ་ལྗོངས་དང་ལྔ་ལྔ་དུས་ཆེན་གྱི་གོམས་སྲོལ། གཟུགས་མེད་རིག་གནས་ཤུལ་བཞག་བཅས་ལ་དམིགས་ནས་སྤུས་ལེགས་བརྙན་ཐུང་གསར་རྩོམ་བྱས་པར་མ་ཟད། འཁྱུག་དབྱིངས་བརྙན་ཐུང་དང་སྐད་འཕྲིན་སྤྱི་སྟེགས་བརྒྱུད་ཁྱབ་བསྒྲགས་བྱས་ཏེ། དྲྭ་ཐོག་སྐད་གྲགས་དང་ཡུལ་དངོས་ཀྱི་འགྲུལ་པ་དུས་མཉམ་དུ་འཕར་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།།

( ལྷ་འཛོམས་ཀྱིས་བསྒྱུར།)