国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྩལ་ནུས་དངོས་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཤེས་ལྡན་མི་སྣ་ འཕེལ་རྒྱས་གཏོང་བར་གཞོགས་འདེགས་བྱས།

ཉག་རོང་རྫོང་གིས་ལས་གཉེར་སྨན་པའི་ལག་ལེན་རྩལ་ནུས་རྒྱུགས་སྔོན་གཅིག་བསྡུས་གསོ་སྦྱོང་སྤེལ།

གསོ་སྦྱོང་གི་ཡུལ་དངོས།

གཞི་རིམ་སྨན་པའི་ལས་གཉེར་ཐོབ་ཐང་རྒྱུགས་འཕྲོད་ཚད་དམའ་བའི་དཀའ་གནད་སེལ་བ་དང་། ཉག་རོང་རྫོང་གི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏང་ཆེད། ཉེ་ཆར། ཉག་རོང་རྫོང་སྨན་བཅོས་ཐུན་མོང་ཚོགས་པའི་སྤྱི་ཁྱབ་སྨན་ཁང་དུ་དངོས་འཐབ་ཅན་གྱི་ལད་ཟློས་རྣམ་པ་དང་གནད་ཏུ་འཁེལ་བའི་ལས་གཉེར་སྨན་པའི་ལག་ལེན་རྩལ་ནུས་རྒྱུགས་སྔོན་གཅིག་སྡུད་གསོ་སྦྱོང་ཐེངས་ཤིག་སྤེལ་བ་རེད། གསོ་སྦྱོང་ཟླ་བ་གཅིག་གི་རིང་ལ་སྤེལ་རྒྱུ་ཡིན་ཞིང་། དམིགས་ཡུལ་ནི་ལས་གཉེར་སྨན་པའི་ཐོབ་ཐང་རྒྱུགས་སྤྲད་མཁན་གྱིས་རྒྱུགས་ལེན་བརྒྱུད་རིམ་ལ་རྒྱུས་ལོན་དང་ལག་ལེན་བཀོལ་སྤྱོད་ནུས་པ་ཆེ་རུ་གཏང་ཆེད་ཡིན།

ཤེས་རྟོགས་བྱུང་བར་གཞིགས་ན། གསོ་སྦྱོང་བརྒྱུད་རིམ་ཁྲོད་དབྱི་པིན་གྲོང་ཁྱེར་གྱི་སྨན་བཅོས་ཤེས་ལྡན་མི་སྣའི“སློབ་ཁྲིད་དང་རོགས་རམ།སྣེ་ཁྲིད”ལས་དོན་རུ་ཁག་གི་ཆེད་རམས་པ་དགེ་རྒན་ཚོགས་པས་གསོ་སྦྱོང་ཁྲོད་ཚད་མཐོའི་དངོས་ཡོད་དཔྱད་ཞིབ་རྣམ་པ་བཏོན་པ་རེད། སྒོ་བསྟེན་སྨན་ཁང་གི་འདྲི་རྩད་ཁུལ་ནས་ལད་ཟློས་གཤགས་བཅོས་ཁང་སོགས་ཚད་ལྡན་ཅན་གྱི་རྒྱུགས་ལེན་ས་ཚུགས12ལ་ན་བའི་ལོ་རྒྱུས་འཚོལ་བསྡུ་དང་ལུས་ཁམས་བརྟག་དཔྱད་སོགས་ཚན་ཁག་ཡོངས་ཀྱི་དཔྱད་ཞིབ་ནང་དོན་ཁེབས་ཡོད། དངོས་སྦྱོང་སློབ་ཁྲིད་ཁྲོད་དབྱི་པིན་གྱི་རོགས་སྐྱོར་ཆེད་རམས་པ་ཆིན་ཆི་ཁྲེང་གིས་ཟུར་འཇལ་ཡོ་བྱད་ལག་ཏུ་བཟུང་ནས་ཞིབ་ཕྲའི་དཔེ་སྟོན་ལག་ལེན་བྱས་པ་དང་། ནད་ཐོག་ཚད་ལྡན་ཅན་གྱི་སློབ་ཁྲིད་བྱེད་སྟངས་དེ་འདྲ་གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད།

ད་དུང་། གསོ་སྦྱོང་ནང“རིམ་གསུམ་གསོ་སྐྱོང་བྱེད་ཐབས”ཟུང་འབྲེལ་བྱས་ཏེ་དང་ཐོག་རིགས་གཞུང་འཆད་ཁྲིད་དང་བཀོལ་སྤྱོད་དཔེ་སྟོན་བྱས་ནས་ཤེས་བྱའི་སྒྲོམ་གཞི་བཙུགས་པ་དང་། བར་དུ་གཅིག་གཏད་གཅིག་གི་དངོས་སྦྱོང་སྦྱོང་བརྡར་སྤེལ་བ་དང་། མཐར་ལད་ཟློས་རྒྱུགས་ལེན་གྱི་གྲུབ་འབྲས་ལ་ཞིབ་བཤེར་བྱས་པ་རེད། ཕྱི་ནད་ཚན་ཁག་གི་སྨན་བརྗེ་དངོས་སྦྱོང་ཁྲོད་སློབ་མ་ཚོས་གློག་རྡུལ་དུས་ཚོད་རྩིས་ཆས་དང་སྐར་གྲངས་དཔྱད་བསྡུར་མ་ལག་གཉིས་ཀྱི་ལྟ་ཞིབ་ཚད་ལེན་འོག་སྒྲིག་བཀོལ་བྱས་ཤིང་། འདི་འདྲའི་གནས་ཚུལ་དངོས་དང་མཐུན་པའི་ཞིབ་དཔྱད་ཀྱི་གནོན་ཤུགས་ཚོད་ལྟ་བརྒྱུད་སྙིང་དང་གློ་བ་སླར་གསོ་སོགས་ཀྱི་གཙོ་བོའི་རྩལ་ནུས་ཆ་སྙོམས་བཀོལ་སྤྱོད་དུས་ཚོད་བརྒྱ་ཆ40ཇེ་ཐུང་དུ་གཏོང་ཐུབ།

ནོར་ཁོག་ཡུལ་ཤོག་འཕྲོད་བསྟེན་སྨན་ཁང་གི་སློབ་མ་བཀྲ་ཤིས་ཀྱིས་ཡིད་ཚིམ་པའི་ངང་བརྙན་ལམ་སློབ་ཁྲིད་ཐེངས་བཅུ་བལྟས་པ་ལས་ཆེད་མཁས་པས་ཡུལ་དངོས་སུ་མཛུབ་ཁྲིད་དང་དག་བཅོས་ཐེངས་གཅིག་བྱས་ན་དེ་ལས་ཕན་ཐོགས་ཆེན་པོ་འདུག་ཅེས་བཤད། གསོ་སྦྱོང་རྗེས་ཀྱི་གྲངས་གཞི་བསྡུར་བ་ལས་ཤེས་རྟོགས་བྱུང་བར་ལྟར་ན། སློབ་མའི་ལག་ལེན་བཀོལ་སྤྱོད་བྱད་ཚད་གསོ་སྦྱོང་མ་བྱས་གོང་གི་བརྒྱ་ཆ38ནས་གསོ་སྦྱོང་བྱས་རྗེས་ཀྱི་བརྒྱ་ཆ62བར་མཐོ་རུ་ཕྱིན་པ་དང་། དེའི་ནང་འབུ་ཕྲ་མེད་ཀྱི་བཀོལ་སྤྱོད་བྱེད་སྟངས་དང་མྱུར་སྐྱོབ་རྩལ་ནུས་སོགས་སྔར་དང་བསྡུར་ན་ཡར་རྒྱས་མངོན་གསལ་དོད་པོར་ཕྱིན་ཡོད།

ཉག་རོང་རྫོང་མི་དམངས་སྨན་ཁང་གི་འགོ་འཛིན་ཞུས་དབྱིན་གྱིས་ལག་ལེན་རྩལ་ནུས་གསོ་སྦྱོང་བྱས་རྗེས་མུ་མཐུད་ནས་རིགས་པའི་གཞུང་ལུགས་གསོ་སྦྱོང་རྒྱུན་ལྡན་ཅན་གྱི་ལམ་སྲོལ་གྲ་སྒྲིག་བྱེད་བཞིན་ཡོད། དབྱི་པིན་རོགས་སྐྱོར་ཚོགས་པས“སློབ་ཁྲིད་དང་རོགས་རམ།སྣེ་ཁྲིད”རྣམ་པའི་གོ་སྐབས་ལ་བརྟེན་ནས་རྒྱུགས་སྔོན་གྱི་གསོ་སྦྱོང་དང་རྒྱུན་ལྡན་གྱི་ལས་སྒོ་མཐོ་རུ་གཏོང་བ་ཟུང་འབྲེལ་བྱས་ཏེ་རྒྱུགས་གཞིའི་ནང་དོན་མཉམ་སྤྱོད་ལམ་སྲོལ་འཛུགས་པ་དང་ནད་རིགས་གྲོས་བསྡུར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་གཞི་རིམ་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་རྨང་གཞི་མུ་མཐུད་སྲ་བརྟན་དུ་གཏང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)