国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྐུབ་ཀྱི་ཞེ་ས་སློབ་མཁན་།

ཚེས་པ་བཅུ་དྲུག་གི་མཚན་མོར་གྲོགས་པོ་ཉེན་རྟོག་པ་ཞིག་ལ་ཁ་པར་བཏང་བ་ན། ཁོ་འགྲུལ་བཤེར་བྱེད་པའི་མཚན་མོའི་ལས་རེས་ལ་ཁེལ་བྱུང་ཟེར། ངེད་གཉིས་ཟླ་བའི་སྐོར་ནས་ཅུང་ཟད་ཤོད་རེས་བྱས། ངས་བཅོ་ལྔ་ལས་བཅུ་དྲུག་སྒོར་ཚུལ་བཤད་པ་ན། ཁོས་གློ་བུར་དུ་མཐོ་འབྲིང་དགེ་རྒན་ལགས་ཀྱི་གསུང་ཞིག་དྲན་པ་དེ་སྐད་ཆེན་པོས། བཅོ་ལྔ་ཁེངས་པ་འདྲ། བཅུ་དྲུག་ལུད་པ་འདྲ་ཟེར། ཡར་ལ་བལྟས་པ་ན་མཐོངས་བགྲོད་ཀྱི་ཟླ་བ་དེ་ལའང་དངོས་གནས་ལུད་པའི་བཟོ་འདྲ་ཞིག་འདུག ཁོ་དང་འདྲ་བར། ངའི་མི་ཚེའི་ལམ་སྒང་དུའང་རིན་བྲལ་གྱི་གདམས་ངག་གམ་ཆོབ་ཚ་བའི་ཚིག་ཐུང་བརྗེད་མི་བཏུབ་པ་རེ་སྐྱེས་སུ་གནང་མཁན་དགེ་རྒན་མང་པོ་མཇལ་མྱོང་བས། ང་རང་ཕྱིར་དྲན་གྱི་ནང་དུ་ལོག་ནས་དགེ་རྒན་ཚོའི་ཞལ་རས་ཡིད་ལ་བསྒོམས་པ་ན། ཐོག་མར་ཆུང་དུས་རྐང་རྗེས་ཕབ་སའི་གནས་དེ་དང་། དེར་འཚོ་ཞིང་བཞུགས་མྱོང་བ་དག་དྲན་བྱུང་། ཞེ་ལ་འཁོར་བའི་ནང་བཞུགས་ལྷན་རྒྱས་ཀྱི་ངོ་གདོང་རེ་རེས། ངའི་རྒྱུན་ལྡན་གྱི་སེམས་ལ་འགྱུར་ལྡོག་གང་ཡང་བྱུང་མ་སོང་། དེ་ཚེ་ངས་གཅིག་ཆད་པའི་སྣང་བ་ཞིག་གིས། ཡང་བསྐྱར་འདང་རྒྱག་དུས་ད་ཅི་ལུས་སོང་བའི་ངོ་གདོང་ཞིག་གིས་ང་ལ་དྲན་གདུང་བསླངས། ཁོང་སུ་ཡིན་ནམ། ངས་ཁོང་གི་ཞབས་དྲུང་ནས་སླའོ་ནས་བཟུང་འབྲི་ཀློག་ལེགས་པར་སྦྱངས་ཤིང་། དུས་ཕྱིས་བོད་ཡིག་སླའོ་ཡིན་ཚུལ་གྱི་ངོ་ཡང་འཕྲོད། ཁོང་ནི་སློབ་དཔོན་ཐོག་མ་སྟེ་བདག་གི་ཨ་མྱེས་རེད།

ངའི་ཨ་མྱེས་དམངས་བཙུགས་སློབ་གྲྭའི་དགེ་རྒན་རེད་ཟེར། ངའི་ཨ་ཕ་ཆུང་དུས་དགེ་རྒན་ཡིན་པ་འདྲ། ང་ཆུང་དུས་སུ་ཁོང་སློབ་ཁྲིད་དུ་ཕེབས་པ་ཞིག་ཧ་ལམ་མཐོང་མ་མྱོང་། དེང་སང་གི་སྐད་ཆ་བཤད་ན། དེ་དུས་ལས་འཁྱུར་ངལ་གསོ་བྱས་ཚར་བ་འདྲ། ཁོང་གིས་སྡེ་བའི་ཤེས་རིག་ཡར་རྒྱས་ལ་རྔོ་ཇི་ཙམ་ཐོགས་མིན་བཤད་ཚོད་མི་ཐིག་ནའང་། ངེད་ཚང་གི་རྨོངས་མུན་དྲུངས་ནས་འབྱིན་པར་བྱས་རྗེས་མངོན་པར་མཐོ། ངའི་ཨ་ཁུ་དང་ཨ་ནེས་གཙོས་སྤུན་བཅུ་བོ་དང་ངེད་མ་ཁོག་གཅིག་གི་སྤུན་བདུན་ལས། ཡིག་རྨོངས་པ་གསུམ་རང་སྟེ། ཨ་ནེ་གཉིས་དང་ངའི་ཨ་ཅེའོ། ། ངའི་ཨ་ཅེ་དགོས་དབང་གིས་འཐེན་པ་ལས། ཁོ་གཉིས་སོ་སོས་མ་འདོད་པར། ཆུང་དུས་ནས་ཤེས་རིག་གི་འབྲི་འོ་འཐུང་སྐལ་རང་གིས་བཅད་པ་རེད། གཡག་ཆུ་འཐུང་མ་འདོད་ན། གཉའ་ནས་མནན་དང་མ་མནན་མེད་མོད། ཨ་མྱེས་ཀྱིས་ཕུགས་ལ་བསམས་ནས། རྟ་ལ་བསྐྱོན་ཏེ་སློབ་གྲྭར་ཡང་ནས་ཡང་དུ་བསྐྱལ་བའི་ལོ་རྒྱུས་མང་པོ་དུས་ཕྱིས་བཤད་རྒྱུ་འདུག་མོད། དེ་དུས། མི་ཚེ་རི་སྒང་ནས་ཟད་པའི་ཡིག་རྨོངས་པ་ཨ་མྱེས་གཞོན་པས་རྒྱབ་སྐྱོར་དེ་ཙམ་མི་གནང་ཁར། ཕ་མ་ཡ་བྲལ་དུ་གྱུར་པའི་བྱིས་པར་སྙིང་རྗེ་ཆེ་མདོག་གིས། གཅེས་མ་ཤེས་གཅེས་ལངས་སུ་བཏང་བ་སོགས་ཀྱི་རྐྱེན་མང་གིས་ཡི་གེ་གཅིག་ཀྱང་མི་ཤེས་པའི་ད་ལྟའི་གནས་སྟངས་གྲུབ་པར་མཐུན་རྐྱེན་བསྐྲུན། ངས་གཅིག་ཀྱང་མི་ཤེས་པའི་མི་ཚོའི་ཕྱི་ཚུལ་ལས་ནང་སེམས་ཀྱི་འགྱོད་གདུང་ཤེས་ཐབས་བྲལ་ནའང་། ཨ་མྱེས་ཀྱིས་མཁྱེན་ཡོད་ཤག་རེད། ང་རང་ཡི་གེ་གཅིག་ཀྱང་མ་ཤེས་པ་ནས་ཤེས་པའི་ལམ་བཟང་དུ་ཁོང་གིས་ཉི་མ་རེ་རེ་བཞིན་ལག་སྦྲེལ་ལྟ་བུ་བྱས་ནས་ཁྲིད་པ་རེད།

ང་སློབ་ཆུང་ལ་མ་སོང་གོང་ནས། བོད་ཡིག་དང་ཨང་རྩིས་ཡག་པོ་ཤེས། ཨ་མྱེས་ཀྱིས་ནང་དུ་རྨང་གཞི་བརྟན་སེ་ཆགས་པ་ཞིག་བསླབས་ནས་སློབ་ཆུང་དུ་སྦྱང་རྒྱུ་མེད་པ་ཨེ་ཡིན་ནམ། སྐབས་དེ་དུས་ཁྲལ་བཞིན་དུ་ལོ་དང་ཟླ་བ་སློབ་གྲྭར་ཟད་མོད། སློབ་སྦྱོང་བྱས་པ་མི་དྲན་ལ། ཐ་ན་དགེ་རྒན་གྱིས་གསུངས་པ་དག་བསམས་ནའང་དྲན་རྒྱུ་མི་འདུག། མ་བསམས་ངང་གིས་དྲན་ཡོང་བ་ནི་དགེ་སློབ་ལྷན་དུ་རྐང་གྲུག་གི་རྩེད་འཇོ་དང་། སློབ་གྲོགས་ཚོ་ལྒང་ལི་གནམ་མཐོངས་སུ་འཕེན་ཤུགས་འགྲན་པ། དགེ་རྒན་མེད་དུས"ཁྱི་ཁྲ་འཕེལ"རྐང་ལག་བཀྱིག་ནས་ཆུ་ནང་དུ་གཡུགས་པའི་སྤྲ་ཚག་གི་སྤྱོད་པ། ལུས་ཡོངས་ཆུས་བངས་ནས་སྡུག་སྐད་རྒྱག་སྐབས་ཁ་ནང་རྡོ་འཕངས་པའི་ཁོག་ནག་གི་བརྙས་བཅོས། ཟམ་སྒང་ནས་གཡང་མཆོངས་བྱས་ཏེ་དཔའ་རྩལ་གྱི་ལྟད་མོ། ལོག་དུས་ཤོག་ཁ་གྱེས་ནས་འུར་ཆ་འཕེན་རེས་བྱས་ཚུལ་སོགས་དེ་དག་མ་བརྗེད་ད་དུང་ཡང་དྲན་པར་འཁྱིལ་ནས་འདུག། སྐབས་དེ་དུས། བརྩོན་པ་དེ་ཙམ་མ་བསྟེན་པར་སྦྱངས་འབྲས་ཕུལ་བྱུང་ཐོབ་པ་ནི་ཨ་མྱེས་ཀྱི་སྐུ་དྲིན་རང་ཡིན། ཕྱིས་སུ་སློབ་གྲོགས་ཚོས་ཀྱང་དེ་དུས་རང་ཨང་རྩིས་མཁས་པ་ཡོད་ཟེར། ང་ལོ་བཅོ་ལྔར་མ་སོན་གོང་དུ། བསྟོད་ར་འདི་གོ་ན་སེམས་དགའ་བས་གང་མང་བསྟོད་རོགས་བྱས་ན་བསམས་ལ། བཅུ་དྲུག་གི་མཇུག་ནས་བསྟོད་ར་མ་ཐོས་ན་སྙམ། དེ་དུས་བོད་ཡིག་ལ་མཁས་མི་ཟེར་དོན་ནི། དེང་སང་སློབ་མ་གཅིག་ལས་གཅིག་རྒྱ་ཡིག་ལ་མཁས་པ་ཇི་བཞིན། དེ་དུས་བོད་ཡིག་གཅིག་ལས་གཅིག་གྱོང་ང་ཡོད་པས་ང་ལྟ་བུ་གླེང་རིན་མེད་པས་ཡིན་སྲིད། ངས་ཁོང་ལས་ཡིག་ཐོག་གི་རིག་གནས་ཙམ་མ་ཟད། ཞེ་སས་གཙོས་ངག་ཐོག་གི་རིག་གནས་མང་པོ་ཞིག་བསླབས་ལ། ངས་དང་ཐོག་རྐུབ་ཀྱི་ཞེ་སའང་། ཁོང་གི་ཞལ་ནས་ཤེས་པ་ཡིན། དུས་ནི་ལོ་དེའི་སྟོན་མཇུག་ཅིག་ཡིན་པ་དྲན། སྟོན་ཐོག་གཡུལ་ཐང་དུ་མ་དྲངས་པའི་སྔོན་ཙམ་གྱི་ཉིན་ཞིག། ངའི་ཨ་ཕྱི་སྟེ(ཨ་མྱེས་ཀྱི་ནུ་མོ)ངེད་ཚང་ལ་ཕེབས་ནས་ང་ལ་རྔན་པར་ཀུ་ཤུ་ཞིག་གནང་བྱུང་། དེ་དུས་སིལ་ཏོག་ཀུ་ཤུ་ཧ་ཅང་དཀོན་པོའི་ཚོད་དུ་ཡོད་ཅིང་། ཟ་མྱོང་མཁན་ཧ་ལམ་ཉུང་ཤས་ཙམ་སོང་ཙང་། ངས་ཕྱི་མདོག་འགྱུར་ཡོད་མེད་དང་། ནང་ཁོག་རུལ་ཡོད་མེད་ལ་མཉམ་མ་བཞག་པར་ཟ་རྐྱང་བྱས། གཅིག་བྱས་ན་སྐྱོན་ཁྱོན་ནས་མེད་པའི་ཀུ་ཤུ་ཞིག་ཡིན་ཡང་སྲིད། ཨ་ཕྱི་རླུང་རྟ་དམའ་བས། མོ་རང་གི་སྦྱིན་ཟས་དེ་ང་ན་རྐྱེན་དུ་གྱུར། དེའི་རྗེས་ནས་ངའི་གྲོད་ཁོག་བཤལ་བཤལ་བར་བསྡད། སུ་ཞིག་གིས་དེད་པ་བཞིན་ཆབ་གསང་ལ་ཡང་ཡང་འགྲོ་དགོས་བྱུང་བ་ལས། ཞིང་དཀྱིལ་དུ་བརྩིགས་པའི་ཚར་ལྕོག་ལ་བསྙེས་ནས་བསྒུལ་མ་འདོད་པའི་ངང་། ངས་གཉིད་ཅོག་བརྒྱབ་པ་དང་ཨ་མྱེས་ཀྱིས་རྒྱང་ནས་གསུང་སྐད་མཐོན་པོས་དཀྲོགས་པ་དང་། གམ་ནས་ཕྱག་གིས་ཐུག་ཐུག་གཞུས་ནས་གཉིད་སད་དེ། འཁྱོལ་དཀའ་བའི་ཉི་མ་མང་པོ་ཞིག་བསྐྱལ། ནད་གཞི་ནི་སྔར་བཞིན་སོ་ན་གནས་ཏེ། སངས་དྲག་ཏུ་མ་སོང་བས་མཐར་རྫོང་སྨན་ཁང་དུ་འགྲོ་དགོས་ཐུག་ནས། རང་ལོ་དགུ་བར་བདག་སྒྲའི་ཞྭ་མོ་ནད་པ་ཞེས་པ་མི་གོན་ཀ་མེད་བྱུང་།

ཞྭ་མོ་གོན་པ་ནས་བཟུང་། ཨ་མྱེས་དང་ཨ་ཁུ་ངའི་གཡོག་པོར་གྱུར། གཡོག་གླ"་མོག་ཙེ"གཅིག་ཀྱང་འབུལ་རྒྱུ་མེད་པའི་ང་། ནད་ཀྱི་ཁུར་བོཔོས་བསྣན་ཁར། ཉིན་ལྟར་དྲིན་གྱི་བུ་ལོན་བསགས་དང་གསོག་བཞིན་པའི་ཚུལ་ནི། སྨན་གྱི་ནུས་པས་ཀྱང་རེ་ཞིག་ང་བཤལ་ཐག་མ་ཆོད་པས།ཉིན་ལྟར་ཨ་ཁུ་གཙང་འགྲམ་དུ་རྙང་མས་འཚོས་པའི་ངའི་ནང་འཇམ་བཀྲུ་རུ་འགྲོ་དགོས་བྱུང་བས། མི་ཚོས་མཐོང་ན་སྡུག་ཤི་རྙང་ནད་ཅེས་པའི་ནད་དེ་ཐེབས་པར་འདོད་ཀྱང་སྲིད། ངའི་ཨ་མྱེས་ནི་ཐབ་ཚང་དུ་མ་བྱན་དང་། ནད་ཁང་དུ་ནད་གཡོག། ཕྱི་ལོགས་སུ་བུ་རྫི་དང་བཅས་པའི་ལས་འགན་གསུམ་ག་གཅིག་ལྕོགས་གནང་། ངས་རྐུབ་ཀྱི་ཞེ་ས་ཡང་དེ་དུས་སྦྱངས་པ་ཡིན། ཁོང་ཉལ་ཁྲིའི་ཁར་བཞུགས་དུས། སྐབས་རེ་ངའི་མལ་ཆས་སམ་ཅ་ལག་གཞན་པ་རྐུབ་འོག་ཏུ་ཤོར་གྱི་ཡོད་ཙང་། ངའི་རྒན་པར་རྐུབ་བཏེགས་ཞེས་བརྗོད་ན་གུས་མེད་བྱས་སོང་སྙམ་དོགས་མི་བདེ་བ་ཞིག་འདུག་པས། ཉིན་ཞིག། ངས་རྐུབ་ལ་ཞེ་ས་ག་རེ་ཟེར་རེད་དྲིས་པར། ཁོང་གིས་ཞབས་འཕོངས་ཞེས་གསུངས་བྱུང་། དེ་ནས་བཟུང་ངས་ཨ་མྱེས་ལགས་ཞབས་འཕོངས་བཏེགས་གནང་རོགས་ཞེས་ཞུས་པ་ཡིན། དེ་དུས་ཞག་སྡོད་ནད་པ་ཉུང་ཞིང་། ཕན་ཚུན་ཁ་འཆམ་ལ་སེམས་མཐུན་པས། ངའི་ཨ་མྱེས་ཀྱི་འགྲོ་འདུག་ཁོ་ཚོའི་མིག་གིས་འཚོས་ཡོད་པས། འཆར་ཅན་ལྟར་ཨ་མྱེས་ཀྱིས་ང་སྒལ་བར་ཁུར་ནས་འཆམ་འཆམ་བྱེད་པ་ལ་དོ་སྣང་ལོས་ཡོང་། ཉིན་ཞིག། ཁོ་ཚོའི་གྲས་ཀྱི་མི་གཅིག་གིས"སྤོ་བོ་ལགས་ཀྱིསཉིན་ལྟར་བྱིས་པ་སྒལ་བར་ཁུར་འདུག། རྗེས་མ་སྤོ་ལགས་ལ་ཕར་ཞབས་ཕྱི་ཞུས་ཨེ་ཡོང་"ཞེས་ལབ་པ་ད་དུང་ཡང་བརྗེད་ཐབས་མི་འདུག། ངས་ཉིན་དཀར་ཁོང་ལ་འོ་བརྒྱལ་གཏད་པར་མ་ཟད། མཚན་གུང་ཁོང་གི་མནལ་དཀྲོགས་པའང་ཉུང་ཉུང་མིན། ངས་ད་དུང་ཡང་དྲན་པར། མཚན་མོ་ལ་ལར་ང་ལ་གློ་བུར་དུ་ན་ཟུག་དྲག་པོ་རེ་ལྡང་ནས་བསྲན་མ་ཐུབ་པར་ངུ་སྐད་ཤོར་བ་ན། ཁོང་གིས་ལམ་སང་སྨན་པ་འབོད་པར་རྐང་རྗེན་མར་རྒྱུག་གི་རེད། ངའི་ནད་དེ་དབྱར་གནམ་བཞིན་འགྱུར་ལྡོག་རྒོད། མཚམས་རེར་དྲག་ཏུ་འགྲོ་ལ། ལན་རེར་སྡུག་ཏུ་འགྲོ། ལྷག་པར་དུ་སྐོར་རྒྱག་མཁན་རེ་ཡོང་ན། ནད་ཇེ་སྡུག་སོང་ནས་མཚན་མོར་གཉིད་མ་ཁུག་པ་ཡང་བྱས་མྱོང་། ནད་པ་འགྲུལ་འཛེམ་ཀྱི་སྲོལ་བཞིན། རྒྱུད་ཉེ་ས་དག་ལ་མ་ཡོང་ཞེས་སྐད་བསྐུར། བརྡ་མ་གོ་བ་ཁ་ཤས་སྒོ་རྩ་ནས་སློག་པ་དེ་འདྲ་ཡང་བྱུང་། ཉིན་ཞིག རྫོང་ནས་ལེ་དབར་ལྔ་ཙམ་གྱི་སར་ཆགས་པའི་ངེད་ཚང་གི་སྤུན་ཞིག་ཡོད་པ། དེ་ཚང་གི་སྤོ་བོ་སྨན་ཁང་དུ་ང་ལ་ཁམས་འདྲིར་ཕེབས། འགྲུལ་འཛེམ་གྱི་དབང་གིས་སྒོ་ཁ་ནས་ཕྱིར་ལོག་གནང་དགོས་བྱུང་། ང་ཁྱིམ་ན་ཡོད་ན་འགྲུལ་པ་མ་ཡོང་ཞེས་པར་བརྡར་རྡོ་བསླངས་པས་ཆོག་མོད། སྨན་ཁང་དུ་དེ་འདྲ་ག་ལ་རུང་། ཨ་མྱེས་ཀྱིས་གསུངས་རྒྱུར། སྐབས་རེ་ངས་དབུགས་གཏོང་བ་མི་ཚོར་བས། གཅིག་བྱུང་བ་མིན་ནམ་སྙམ་པའི་སེམས་ཁྲལ་ཆེན་པོ་བྱུང་ལ། ནུབ་མོ་ནི་ཉལ་ཁྲིའི་སྒང་དུ་ཁ་གང་ལ་བསྐོར་ནས་བསྙལ་ན་སང་ཞོགས་ཕྱོགས་དེ་རང་དུ་ངེས་ཟེར། སྐབས་དེ་དུས་ང་ནི་འགྲེ་ལྡོག་རྒྱག་བྱེད་ཀྱི་ཤུགས་ཏོག་ཙམ་ཡང་མེད་པའི་བུ་ཆུང་ཞིག་ཡིན། ངས་དྲན་པར། ཐེངས་ཤིག་ཅོག་ཙེའི་སྟེང་ན་ཡོས་བླུགས་པའི་འགྱིག་ཁུག་ཅིག་བཞག་ཡོད་པ་མཐོང་མོད། སྨན་པས་མ་ཟ་ཞེས་པའི་མངགས་ཆ་ཡོད། ང་ནི་གནོད་པ་དག་ཟ་འདོད་ཤིན་ཏུ་ཆེ་ཞིང་། ཕན་པ་དག་ཟ་སྙིང་མ་བྲོ་བ་ཞིག་ཡོང་གི་ཡོད་ལ། བཟའ་བྱ་དེ་ལག་པས་བསྙབ་ས་ན་ཡོད་པས། ངའི་སེམས་ལ་ཇུས་ཤིག་དྲན་བྱུང་། ཨ་མྱེས་ཐབ་ཚང་དུ་སོང་སྐབས་དང་བསྟུན། ངས་ཉལ་ཁྲིའི་ཁ་ནས་ལག་པ་རྐྱོང་ཙམ་བྱས་ནས་སྤར་མོ་གང་དོ་ལེན་རྩིས་བྱས། འགྲེ་ལྡོག་ཅིག་བརྒྱབ་པ་དང་། ང་དང་དཀར་སྡེར་ཡིན་ནམ་གཅིག་ཐིང་སྒྲ་དང་བཅས་ཐང་ལ་ལྷན་དུ་ལྷུངས་པ་དང་། ཨ་མྱེས་ལམ་སང་ཕེབས་བྱུང་བས།ལེགས་གྲུབ་མ་བྱུང་བར་མ་ཟད་ཁ་ཡང་སྐམ་པོར་ལུས། དེ་དུས་ངའི་ནད་གཞི་ལྕི་མོ་ཡོད་འདྲ། མིའི་རེ་བ་མི་འདུག་ཅེས་པའི་གཏམ་ཡང་དངོས་སུ་གོ་མྱོང་མོད། སྨན་པ་ཚོས་སེམས་ཤུགས་མ་ཆག་ཡར་ལ་རྒྱས་ཕྱིར་མ་འོངས་པའི་མཛེས་སྡུག་རྐྱང་རྐྱང་གླེང་གི་རེད། སྟབས་ཡག་པར། ཟླ་ངོ་མང་བོར་གོས་དཀར་ལྷ་རྗེས་སྨན་བཅོས་དང་དོད་གནང་བ་དང་ཨ་མྱེས་དྲིན་ཆེན་གྱིས་ནད་གཡོག་ཧུར་ཐག་ཞུས་པའི་དྲིན་གྱིས། ཁོ་བོ་འཇིགས་རུང་འཆི་བདག་གི་ཁ་ནས་ཐར། དྲག་ནས་གང་འཚམ་ཞིག་འགོར་རུང་། ང་ལ་ད་དུང་ཡང་ཤི་ལོག་འབོད་མཁན་རེ་འགའ་ཡོད། དེ་དུས་ང་འཆི་བ་ལས་རྒྱང་རིང་ཙམ་ལོག་པ་འདྲ་སྟེ། དེ་ནས་བཟུང་ང་གཏན་ནས་ན་མ་མྱོང་། ཆམ་པའང་རྩམ་པ་ཟོས་ན་དྲག་འགྲོ། ན་ཐེངས་དེས་ཡོངས་སུ་ན་གོ་ཆོད་པ་འདྲ་སྟེ། ངེད་ཀྱི་ཁ་སྐད་ལྟར་ན"གས་ཁུར་བ"འདྲ།

སྨན་ཁང་གི་ནད་གཡོག་དག་གི་རེ་སྨོན་ལྟར། ང་སངས་དྲག་གྱུར་རྗེས་ཨ་མྱེས་ལ་ཞབས་ཕྱི་ཞུས། ཡིན་ནའང་ཡིད་ཚིམ་པ་ཞིག་སྒྲུབ་ལོང་མ་བྱུང་བར་སློབ་གྲྭས་སྐད་བཏང་བས། ཨ་མྱེས་ཡུལ་དུ་ལུས། བདག་ནི་སློབ་གྲྭར་ཆས། དུས་ཕྱིས་གུང་གསེང་ལ་ཕྱག་རོགས་ཁྱུག་ཙམ་ལས་ཞུ་ཐབས་བྲལ་བས། ངས་ཁོང་ཐུགས་དགྱེས་པའི་མཆོད་པ་གཅིག་པུ་འདི་རང་ནུས་ཅི་ལྕོགས་ཀྱིས་བསྒྲུབ་པར་ཐག་བཅད་པ་ཡིན། དེ་གང་ཞེ་ན། ཁོང་རྩམ་འགམ་རྒྱག་རྒྱུར་མཉེས་ལ། རྩམ་པ་ཇི་ཙམ་ཞིབ་ན་དེ་ཚོད་ཀྱིས་ཞིམ་པ་ཡོད་མེད་ཅི་ཆ། གང་ལྟར་ཁོང་གིས་སློབ་གྲྭའི་རྩམ་པ་དེ་གཞན་ལས་ལྷག་པར་དགྱེས་བཞེས་གནང་གི་རེད། ངས་ཐེངས་ཤིག་ནང་ལ་ལོག་དུས་རྩམ་ལྷག་རྩམ་ཁུག་གང་ཁྱེར་ནས་ཁོང་ལ་ཕུལ་བ་ན། ཁོང་གིས་མཉེས་པོ་གནང་སོང་། དེ་ནས་བཟུང་། ངས་སློབ་གྲྭ་ནས་རྩམ་པ་བསགས་ཏེ་ནང་ལ་འཁྱེར་རྒྱུ་བྱས་པ་ཡིན། སྔ་དྲོར་སློབ་མ་རྣམས་ལག་ཏུ་འགྱིག་ཁུག་བཟུང་ནས་ཟས་ཐུན་གཅིག་གི་སྐལ་གྲལ་འགྲིག་ནས་ལེན་དགོས། དེས་མི་གཅིག་རྒྱགས་ཙམ་ལས་ཁྱེར་བྱེད་མི་ལྷག་པས། ངས་ཁ་སྐད་དེ། རྩམ་པ་འཇབ་སྐོར་བརྒྱག༼ རྩམ་པ་ཐེངས་ཁ་ཤས་བླངས་པ།༽ འགོ་བརྩམས་པ་ཡིན། ལག་ལ་ཤོར་ན་མི་ཚོགས་ཁྲོད་དུ་བླངས་ནས་ངོ་ཚ་ཉོ་སྲིད་མོད། ངས་ཇི་མི་སྙམ་པར་སྔོན་མའི་གྲས་ཕྱིན་ནས་ཐེངས་གཅིག་དང་མཇུག་གྲས་སུ་སོང་ནས་ཐེངས་གཅིག་སྟེ། རྩམ་པ་ཐེངས་གཉིས་རེ་བླངས་པ་ཡིན། ཐོག་མར་མ་བྱན་གྱིས་ཚོར་དོགས་ཀྱིས་སྐྲག་སྣང་ཆེ་ཙམ་གདའ་མོད། རིམ་བཞིན་གཅིག་སོང་གཉིས་སོང་གིས་རྦད་དེ་གོམས་ནས། ཐེངས་གཉིས་ལེན་པ་རྒྱུན་ལྡན་ཆགས་པས། རྩམ་ཁུག་ཁ་མ་གང་བར་ནང་ལ་ལོག་པ་ཞིག་ཧ་ལམ་ཡོང་མྱོང་མེད་ལ། ལོག་ལམ་དུའང་ཨ་མྱེས་ཀྱིས་བསྒུགས་ཡོད་སྙམ་པའི་དགའ་སྣང་ཞིམ་པོས་ཁེངས་ཡོང་།

ཐུགས་དགྱེས་པའི་མཆོད་པ་ཕུལ་ནས་ཡུན་རིང་མ་འགོར་བའི་ཉིན་ཞིག། ཁྱིམ་མཚེས་ཀྱི་གྲོགས་པོའི་ངག་ནས་ངའི་དྲིན་གྱི་བུན་བདག་དྲིན་མ་སོས་གོང་ནས་འགྱེལ་བའི་གཏམ་ངན་ཞིག་ཐོས། ཚེས་པ་བཅུ་དྲུག་གི་མཚན་མོར་གྲོགས་པོ་ཉེན་རྟོག་པ་ཞིག་ལ་ཁ་པར་བཏང་བ་ནང་བཞིན། སྐབས་དེ་དུས་ཁ་པར་རྒྱག་ས་ཞིག་ཡོད་ན། ཨ་མྱེས་ངེད་གཉིས་ཐུག་འཕྲད་བྱུང་མེད་ནའང་། རྩམ་པའི་སྐོར་ནས་ཁ་བརྡ་ཅུང་ཟད་བྱས་ཡོད་ངེས།

༼ ལུག་རྫི། ༽