ལག་པ་གཡང་དྲུང་མཐིལ་ལ།།
དངུལ་གྱི་རི་མོ་བབས་ཡོད།།
ལས་འབྲས་བྱང་ཆུབ་ལྗོན་ཤིང་།།
ལག་པའི་རི་མོར་གསལ་ཡོད།།
ལས་ཀྱི་རྨི་ལམ་ཁུད་དུ།།
ན་ཚོད་མེ་ཏོག་འཁྲུངས་ཡོད།།
ལག་པས་བྱིལ་བྱིལ་གནང་ནས།།
ཚེ་རྟེན་ནོམ་དུ་བསུ་ཆོག །
ཕར་ལ་བརྩེ་བའི་ཞེན་ཆོག །
ཚུར་ལ་འགྲིག་འགྲིག་གནང་ན། །
སྟོན་གྱི་ཆར་རླུང་བཙན་པོས།།
སོ་སོར་དབྱེ་ཐུབ་མི་འདུག །
ལས་ལ་བྲིས་པའི་ཡིག་ཆུང་།།
ཐོད་ལ་བབས་པ་བྱུང་ན།།
བརྩེ་སེམས་མེ་ཏོག་མདངས་ལ།།
ལས་སྨོན་འགྲིག་འགྲིག་གནང་ཆོག།
གྲོ་ཞིང་ལོ་ལེགས་སྙེ་ལྡན། །
ང་ཡི་བཏབ་པའི་ཟོ་ཞིང་། །
སང་ལོར་རེ་སྐལ་བྱུང་ན། །
ཡང་བསྐྱར་ཨེ་འཁྲུངས་སྨོན་ཡོང་། །
དགུན་ལ་ཙག་གིས་མ་རྙིད། །
དབྱར་ལ་ཚ་བས་མ་བསྲེགས། །
ཡིད་ངོར་འཁྲུངས་པའི་མེ་ཏོག།
སེམས་ནས་ཡལ་ཐབས་མ་བྱུང་། །
སྟོན་མཇུག་སྡོང་ལོ་སེར་པོ། །
རླུང་གིས་ཁུར་ནས་ཚར་སོང་། །
བདག་མེད་མི་སེམས་སྙི་མོ། །
གང་ནས་གང་ལ་ཕྱོགས་ཡོད། །
ལོ་ཟླ་ཆུ་བོ་བཞུར་བཞུར། །
རྒྱང་ནས་རྒྱང་ལ་བཀྱེད་འགྲོ། །
བརྩེ་སེམས་འོ་མའི་མདངས་ལ། །
མི་གཙང་ནག་ཐིག་མ་ཕབས། །
མགུལ་ལ་བསྒྲོན་པའི་གཡུ་ཆུང་། །
ཚེ་ཡི་སྲུང་མདུད་ཆ་མ།།
མགུལ་ནས་ཟད་པ་མེད་ན།།
ཞེ་ནས་འབོར་ཐབས་མི་འདུག།
བར་ཐག་རི་ཆུས་བཅད་ཀྱང་། །
སེམས་ཐག་ཉེ་སྣང་འདྲ་བའི། །
འཇིག་རྟེན་སྣང་བའི་ཁ་ཆད། །
ལྡོག་ཐབས་མེད་པ་ལས་ཡིན། །
དམ་བཅའ་དངུལ་དཀར་རི་མོ། །
རང་རང་སེམས་སུ་བྲིས་ཡོད། །
བརྩེ་འདང་འོ་ཇ་དཀར་པོ། །
འདོད་མ་ཁྱེད་ལ་དྲངས་ཡོད། །
༼ གངས་ཐིགས། ༽
