ལྔ་ལྔ་དུས་ཆེན་གྱི་གུང་གསེང་རིང་། དཔལ་ཡུལ་རྫོང་རོང་འགེབས་ཡུལ་ཤོག་རོང་འགེབས་གྲོང་སྡེའི་ཆུང་དགའ་ནོར་བུའི་ཚོང་ཁང་དུ་འཛད་སྤྱོད་པས་འཚང་ཁ་ཤིག་ཤིག་ཡིན་ལ། གྲོང་སྡེའི་འགན་ཁུར་ལས་བྱེད་པ་ཀྲའོ་ཞའོ་ལུང་གིས་ཟོག་སྒྲོམ་སྟེང་གི་ཚོང་ཟོག་ཞིབ་བསྡུར་བྱེད་པ་དང་ཆབས་ཅིག་ཚོང་ཁང་གི་ལས་མིར་ཚོང་ཟོག་གསབ་རྒྱུ་དང་སྤུས་ཚད་འགན་ལེན་དུས་ཡུན་ལ་དོ་སྣང་བྱ་དགོས་རྒྱུར་ནན་མངག་བྱེད་བཞིན་འདུག། ལོ་གཉིས་གོང་། ལོ་ཆུང་ལས་བྱེད་པ་དེས“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འབོད་སྐུལ་དང་དུ་བླངས་ནས་མཐོ་སྒང་དུ་རྐང་ཚུགས་ཡོད། ད་ཆ། ཁོས་ཡུལ་མིའི་སྣེ་ཁྲིད་ནས་བཏོད་པའི་ཐུན་མོང་དཔལ་འབྱོར་གྱི་སྒོ་རྩིས་ཚོང་ཁང་དེར་ལོ་རེར་ཡོང་འབབ་སྒོར་ཁྲི20ལས་བརྒལ་བས་ཡུལ་སྡེ་དར་རྒྱས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
2023ལོའི་སྤྱི་ཟླ9པར། ཀྲའོ་ཞའོ་ལུང་རུང་འགེབས་གྲོང་སྡེར་ཐོག་མར་འབྱོར་སྐབས། རུང་འགེབས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ཞན་པ་དང་ཡུལ་མིའི་ཡོང་འབབ་འཕར་ཐབས་མེད་པའི་དཀའ་ངལ་དང་འཕྲད་ཡོད། ཁོས་གྲོང་པའི་ལས་བྱེད་པར་སྣེ་ཁྲིད་དེ་གྲོང་སྡེ་ཡོངས་ཀྱི་དུད་ཚང65ལ་བསྐྱོད་དེ་རྒྱུས་ལོན་བྱས་མཐར། གྲོང་སྡེར་ཆུ་ཚན་དང་གནའ་སྡོང་སོགས་རང་བྱུང་དང་རིག་གནས་ཐོན་ཁུངས་ཡོད་མོད། འོན་ཀྱང་འཆར་འགོད་མི་འདང་བའི་དབང་གིས་མངོན་འགྱུར་བྱུང་དཀའ་བ་རེད། དེ་འདྲའི་དཀའ་གནད་ལས་ཐར་ཆེད། ཀྲའོ་ཞའོ་ལུང་དང་གྲོང་སྡེ་ཨུ་ལྷན་གྱིས་ཡུལ་མིར་དུས་རྒྱུན་དགོས་མཁོ་ཆེ་བའི་གྲོང་སྡེའི་ཐུན་མོང་ལ་དབང་བའི་སྟབས་བདེའི་ཚོང་ཁང་ཞིག་འཛུགས་རྒྱུར་བྱས།
ཡུལ་མི་ཚོའི་སེམས་ཁྲལ་སེལ་ཆེད། ཀྲའོ་ཞའོ་ལུང་དང་གྲོང་པའི་ལས་བྱེད་པས“རྩིས་ཐོ་གསུམ”ལེགས་པོར་སྤྱོད་རྒྱུར་བྱས། དང་པོ“སྲིད་ཇུས་རྩིས་ཐོ”ཡི་རྒྱབ་སྐྱོར་ལ་དམིགས་ཏེ། ཡུལ་མིའི་ཚོགས་ཆེན་བརྒྱུད་ནས་ཡུལ་སྡེ་དར་རྒྱས་སྲིད་ཇུས་ལ་གསལ་འགྲེལ་ཞིབ་ཕྲ་བྱས་ཏེ་ཞིང་ཕན་མ་དངུལ་སྒོར་ཁྲི12.5བརྩོན་ལེན་བྱུང་། གཉིས་པ“དཔལ་འབྱོར་རྩིས་ཐོ”ཡི་ཐོན་ཁུངས་སྔོག་འདོན་བྱས་ཏེ། “ཏང་ཀྲི་པུའུ་དང་མཉམ་ལས་ཁང་།ཞིང་དུད་བཅས་མཉམ་འདྲེས”ཀྱི་རྣམ་པ་གསར་གཏོད་བྱས་ཏེ། ཡུལ་མིའི་ས་ཞིང་མ་རྐང་ལ་བསྒྱུར་བ་དང་། ངལ་རྩོལ་ནུས་ཤུགས་གླ་ཕོགས་སུ་བསྒྱུར་ནས་ཟླ་རེའི་ཡོང་འབབ་སྒོར3000ལོན་པ་དང་ལོ་མཇུག་ལ་ཁེ་སྤོགས་བགོས་པ། གསུམ་པ“ཕུགས་ཡུན་རྩིས་ཐོ”ཡི་འཕེལ་རྒྱས་འཆར་འགོད་བྱས་ཏེ། སྒོ་རྩིས་ཚོང་ཁང་གི་ཁེ་བཟང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་བཏང་བ་དང་། དུས་མཉམ་དུ་ལམ་དང་ལམ་སྒྲོན་གྱི་ལས་གཞིར་བསྐུལ། ཡུལ་མི་འཆི་མེད་བཀྲ་ཤིས་ཀྱིས་དགའ་སྤྲོ་ཆེན་པོས་ད་ལྟར་གླ་ཕོགས་ལོན་ཐུབ་པར་མ་ཟད་ཁེ་སྤོགས་ཀྱང་བགོ་རྒྱུ་ཡོད་པས། འཚོ་བ་ནི་ཇ་དཀྲུགས་མ་འཐུང་བ་ནང་བཞིན་སྐྱིད་པོ་འདུག་ཅེས་བཤད།
སྒོ་རྩིས་ཚོང་ཁང་གི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་དུས་མཚུངས་སུ། རུང་འགེབས་གྲོང་སྡེས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆར་གཞིགས་ནས། ཚན་རིག་དང་མཐུན་པའི“ཆུ་ཚན་དང་གནའ་སྡོང་།རིག་གནས་ཡུལ་སྐོར་མཉམ་འདྲེས”ཀྱི་མཉམ་འདྲེས་འཕེལ་རྒྱས་འཆར་གཞི་གསར་པ་འཆར་འགོད་བྱས་ཡོད། ཕུན་སུམ་ཚོགས་པའི་ཆུ་ཚན་གྱི་ཐོན་ཁུངས་དང་། ལོ་ངོ་སྟོང་གི་གནའ་བོའི་ཤིང་སྡོང་གི་མཛེས་ལྗོངས། ས་ཁམས་གནས་ཡུལ་ལེགས་པོ་བཅས་ལ་བརྟེན་ནས། གྲོང་སྡེས“སྒར་འདེབས་རྟེན་གཞི་དང་ཁྱད་ཆོས་ལྡན་པའི་སྡོད་ཁང་། རིག་གནས་ཡུལ་སྐོར། བདེ་གསོ་མྱོང་རོལ”གཞི་གཅིག་ཅན་གྱི་ཐོན་ལས་ལས་གཞིར་འབད་དེ་རི་སྔོན་ཆུ་དྭངས་གསེར་རི་དངུལ་རིར་སྒྱུར་བཞིན་ཡོད། ཀྲའོ་ཞའོ་ལུང་གིས་གྲོང་སྡེའི“ཨུ་ལྷན་གཉིས”སྣེ་ཁྲིད་དེ་ཕྱོགས་མང་མཐུན་སྦྱོར་དང་དམངས་འཚོ་ལས་གཞི་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། གྲོང་སྡེའི་འགྲོ་ལམ་འཛུགས་སྐྲུན་བྱས་ཏེ་འགྲོ་སྐྱོད་དེ་བས་སྟབས་བདེ་ཡོང་བ་དང་། ལམ་སྒྲོན་གསར་དུ་སྒྲིག་སྦྱོར་བྱས་ནས་མཚན་མོའི་འགྲོ་ལམ་གསལ་བར་བྱས། ཁྲོམ་གཞུང་གཙང་སྦྲས་མི་སྡོད་ཁོར་ཡུག་ལེགས་སུ་བཏང་བ། ཏང་མིའི་བྱེད་སྒོ་ཁང་སྒྱུར་བཀོད་བྱས་ནས་ནུས་པ་ཆེ་རུ་བཏང་བ་རེད། ཆབས་ཅིག་ཏུ“དཔལ་ཡོན་ཁྱིམ་ཚང”དང“ཆེས་མཛེས་པའི་ཁང་ར”སོགས་དཔྱད་འདེམས་བྱེད་སྒོ་སྤེལ་བ་བརྒྱུད་དཔལ་ཡོན་ལྡན་པའི་གྲོང་སྡེའི་ཉམས་འགྱུར་གསོ་སྐྱོང་དང་ཡུལ་མིའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་གྲོང་སྡེའི་ཕྱིར་མཛེས་སྡུག་ལྡན་ལ་ནང་ཕུན་སུམ་ཚོགས་པར་བྱས།
ཀྲའོ་ཞའོ་ལུང་དང་རུང་འགེབས་གྲོང་སྡེའི“ཨུ་ལྷན་གཉིས”ནི་དཔལ་ཡུལ་རྫོང་གཞི་རིམ་ཏང་མི་ལས་བྱེད་ཁྱུ་ཚོགས་ཀྱི་མཚོན་བྱེད་ཅིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། དཔལ་ཡུལ་རྫོང་གིས་ཏང་ལེགས་སྐྱོང་གིས་སྣེ་ཁྲིད་དེ“ཀྲི་པུའུ་ཡིས་སྣེ་ཁྲིད་དང་། ལས་བྱེད་པས་མིག་སྟོན། མང་ཚོགས་ཞུགས་པ། ཐོན་ལས་དམངས་ཕྱུག”གི་ཐབས་ལམ་འཚོལ་ཞིབ་བྱས་ནས་གྲོང་སྡེ་མང་པོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་བསྐུལ་བ་རེད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
