སྤྲིན་པ་ཐར་ཐོར་ལངས་པའི་དཀྱིལ་འཁོར་ན།།
རྒྱུ་སྐར་འོད་ཆེམ་འཚེར་བའི་བཞིན་རས་དེར།།
ཆིག་ལབ་ཚིག་གི་མདའ་སྣེ་རྒོད་པོ་ཡིས།།
ཆད་མེད་བར་གསེང་ཀློང་ནས་ཡང་ཡང་ཆས།།
ཟླ་བའི་འཛུམ་མདངས་རྒྱས་པའི་ཨ་སྔོན་ན།།
སྐར་ཚོགས་ཕྲ་རྒྱན་འདོགས་པས་རབ་མཛེས་ཤིང་།།
གནམ་དཀྱིལ་གཡའ་བྲལ་དྭངས་མའི་བཞིན་རས་དེས།།
སེམས་ཀྱི་འཆར་སྣང་མག་མོག་སེལ་བར་བྱེད།།
རྩྭ་སྐྱ་འཇག་མ་རླུང་གིས་གང་སར་སྤུར།།
དིར་དིར་སྐད་སྒྲ་སྒྲོག་པའི་བྱེའུ་ཆུང་ཚོས།།
ཡར་མར་འཕུར་བའི་སྟ་གོན་ཅི་ཡང་བརྩོན།།
བདག་གི་སྐད་ཆའི་གསོན་པོ་གང་ལ་བརྗོད།།
ཟླ་བའི་འོད་གུར་གསལ་བའི་བདག་འགྲམ་ནས།།
སེམས་ཀྱི་སྣང་བ་བྲུགས་པའི་དཀྱིལ་འཁོར་གྱིས།།
བདེ་དགའི་དཔལ་ལ་སྐྱོད་པའི་ལམ་ཆུང་བརྒལ།།
སྤྲོ་བའི་སེམས་གཤིས་གཉོམ་པོ་རབ་ཏུ་དགྱེས།།
མུན་པའི་ཀློང་ན་ཟླ་བའི་སྤྱན་ཆབ་བསིལ།།
ཤིག་ཤིག་འགུལ་བའི་ལྗོན་པའི་ལྡེབས་ངོས་སུ།།
མི་གཅིག་ཚོར་བའི་རི་མོ་སྣ་ཚོགས་བཀྲ།།
བལྟས་པའི་མོད་ལ་ཡིད་ཁམས་རྒྱ་མཚོ་སྐྱོམ།།
རབ་དཀར་རྒྱས་པའི་ཟླ་བའི་འོད་མདངས་ཀྱིས།།
ཕྱོགས་བཞིའི་མཚམས་སུ་ལྷད་མེད་འཛུམ་པ་ཡིས།།
སྲོག་ལྡན་རིས་མེད་རྡོག་པའི་ལམ་ཆེན་གསལ།།
བདག་གིས་བརྗོད་བྲལ་སྙན་ངག་ལག་པས་བཏེགས།།
སྡོང་རྒས་སྐམ་པོར་རྒྱབ་གཟུགས་ཕར་ལ་བསྙེས།།
ཆང་ཕོར་ཞིམ་ཞིག་བཏུང་ནས་རྒྱང་ལ་བལྟས།།
སྡོད་མེད་ལང་ལོང་རྒྱུ་བའི་ཆུ་འཛིན་ཚོགས།།
ནམ་མཁར་སྐེ་རག་བཅིངས་ནས་གང་དུ་ཆས།།
བསིལ་རླུང་དལ་བར་ལྡང་པའི་རི་འགོ་ནས།།
ལག་འཁར་རྟེན་ནས་ངལ་གསོར་བྱེད་པའི་ཚེ།།
ཟླ་བའི་འོད་གུར་རྒྱང་རིང་ནུབ་པར་རན།།
སེམས་ཀྱི་སྐད་ཆ་རྒྱང་གི་རི་ལུང་བརྒལ།།
ཚོར་བའི་སེམས་ཀྱི་སྙིང་གཏམ་མ་ཤོང་པར།།
ཁེར་རྐྱང་ཟླ་གཟུགས་ཀེམ་པའི་ཟུར་འགྲམ་ནས།།
སྙན་པའི་ཆིག་ལབ་འགའ་ཞིག་དབྱངས་ལ་དྲངས།།
སྒྲ་འཛིན་འཇེབས་པ་མིན་ཡང་བརྗོད་ལ་བྲེལ།།
༼ སྙན་རྐང་གླིང་། ༽
