ཨ་མ་ལགས་ཀྱི་བྲང་ཁུད་ནས།།
ལང་ཚོ་རིམ་བཞིན་རྫོགས་པ་དང་།།
ནང་སེམས་སྒྱུ་མའི་གྲོང་ཁྱེར་དུ།།
ཆགས་སྡང་མུན་པའི་སྨག་རུམ་འཁྲིགས།།
ཨ་ཕ་ལགས་ཀྱི་བརྩེ་སེམས་ཀྱིས།།
ཤིན་ཏུ་གཅེས་ཤིང་བྱམས་པ་ཡི།།
བུ་མོ་ཅོལ་ཆུང་སྣང་བ་ཡིས།།
སྙིང་པོ་མེད་པའི་ལས་ལ་བཀོལ།།
འདི་ལྟར་ལོ་དང་ཟླ་བ་རུ།།
ཐུབ་བསྟན་གླེགས་བམ་གྲོལ་ས་ནས།།
ཡང་དག་གནས་ལ་མི་བརྩོན་པར།།
མ་རབས་སྤྱོད་པར་གོམས་འདྲིས་ཤོར།།
རང་གིས་རང་ལ་ཚུར་བལྟས་ན།།
སྐྱོན་རྣམས་ལྷག་པར་གསལ་ན་ཡང་།།
ད་དུང་རྨོངས་པའི་བློ་ངན་གྱིས།།
སྐྱོ་བའི་མཚང་ལ་སྤྲོ་བས་འཛུམ།།
དམ་པའི་དྲུང་དུ་རྟག་གནས་ཏེ།།
དམ་ཆོས་འོ་ཞོ་འཐུང་ན་ཡང་།།
དོན་མེད་གཡེང་བ་རྩེད་དགོད་ཀྱིས།།
དལ་འབྱོར་མི་ལུས་སྣང་མེད་བྱས།།
སྐྲ་ལོ་བྱིས་པའི་དུས་ནས་བྲེག།
དེ་ཡང་ངེས་འབྱུང་སེམས་ཀྱིས་མིན།།
རི་ཁྲོད་གཞོན་པའི་དུས་སུ་ཕྱིན།།
དེ་ཡང་ཅལ་གྱིས་སྦྱར་བའི་མིང་།།
བསླུ་མེད་རྒྱུ་འབྲས་གལ་བོ་ཆེར།།
བཀུར་དང་འཛེམ་དོགས་མངོན་ཆུང་བས།།
དམ་སྡོམ་ཨུ་དུམ་ཝ་རའི་མགོར།།
སྡིག་པའི་སེམས་ཀྱིས་རྨ་ཁ་བཏབ།།
ད་དུང་ཡིན་ཡིན་མདོག་མདོག་གིས།།
ནང་གི་ཕུན་ཚོགས་དབུལ་ན་ཡང་།།
ངུར་སྨྲིག་དམར་པོ་ཕྲག་གཟར་ནས།།
སྣང་བ་མཐོན་པོའི་ཧམ་པ་བཤད།།
བདག་འདྲའི་ལས་ངན་གྱི་ནི་སེམས།།
དགེ་བའི་ཟེགས་མས་མི་བརླབས་དོན།།
ནམ་ཡང་ངན་པའི་བྱ་གཞག་ལ།།
འཇུག་པའི་རྣམ་སྨིན་ཁོ་ན་འོ།།
ཀྱེ་ཀྱེ་ཚེ་རབས་ལས་ཀྱི་ལྷས།།
ཇི་ཙམ་དམན་ན་དེ་ཙམ་དུ།།
བརྩེ་གཟིགས་གནང་བར་བདེན་སྲིད་ན།།
སྙིང་རྗེའི་ལག་རིང་ད་རྐྱོངས་ཤིག།
ཤི་གསོན་གཉིས་ཀྱི་ས་མཚམས་ནས།།
སྐད་གསང་མཐོན་པོ་མགོན་ཁྱེད་ཞལ།།
སྒོམ་ཞིང་མཚན་ནས་འབོད་ནུས་པའི།།
འཛད་མེད་བྱིན་རླབས་སྙིང་ལ་སྩོལ།།
༼ མཱ་ལིན་ནཱ། ༽
