བརླན་ཤས་མི་འཛད་པ། རུལ་པར་མི་འགྱུར་བ་སོགས་ལ་ཕན་ཐོགས་ཡོད། ཞོག་ཁོག་རྡོག་པོ་ཆུང་ངུ་ཧྲིལ་བོ་བཏབ་པ་ནི་ནད་དང་འབུ་སྲིན་གྱི་གནོད་པ་སྔོན་འགོག་བྱེད་པའི་ཐབས་ཤེས་བཟང་པོ་ཞིག་ཡིན་ལ། དེ་ལྟར་བཏབ་ན་འབྲས་བུ་ས་བོན་དུམ་བུར་གཏུབས་པ་ལས་བརྒྱ་ཆ་བཅོ་ལྔ་ནས་ལྔ་བཅུ་འཕར་ཐུབ་བོ། །
ས་བོན་འདེབས་པའི་དུས་ཚོད་དངོས་ནི། ཞོག་ཁོག་རིགས་དང་། གནམ་གཤིས། ས་ཕྱོགས་ཀྱི་གནས་ཚུལ་སོགས་དང་བསྟུན་ནས་གཏན་འབེབས་བྱེད་དགོས་ཤིང་སྤྱིའི་ཆ་ནས་ཁ་བའི་ལྗོངས་ཀྱི་རོང་ས་རྣམས་སུ་སྤྱི་ཟླ་བཞི་པའི་སྨད་དང་ལྔ་པའི་འགོ་ཡི་བར་དུ་བཏབ་ན་འཚམས་པ་ཡིན། ས་བོན་འདེབས་སྟངས་ལ། གཉའ་ཐོང་གཤོལ་གྱིས་རྨོས་ནས་གདབ་པ་དང་། ཐིག་བཏབ་ནས་གདབ་པ། འཕྲུལ་ཆས་ཀྱིས་གདབ་པ་སོགས་ཡོད། དང་པོ་ནས་རྨོས་ཤིང་བཤལ་ཟིན་པའི་ཞིང་ལ་ཐོང་གཤོལ་གྱིས་འོབས་ཤུར་ཟབས་སུ་ལི་སྨི་བཅུ་ནས་བཅོ་ལྔ་(༡༠—༡༥㎝)ཡོད་པ་རྨོས་པར་ས་བོན་བར་ཐག་རན་པས་བཏབ། དེའི་ཐོག་སྐྱེ་ལྡན་གྱི་ལུད་བཀྲམ་རྗེས་ཐོང་གཤོལ་གྱིས་ས་ཕྱིར་རྨོས། དེ་ནས་རོལ་གང་སྟེ་བར་ཐག་ལི་སྨིན་ལྔ་བཅུ་(༥༠㎝)ཡན་མན་ཙམ་བྱེ་པའི་ས་ལ་སླར་ཡང་སྔར་ལྟར་རོལ་འོབས་གསར་པ་རྨོས་ནས་སྔ་བཞིན་བྱེད་དགོས་པ་ཡིན། འདི་ལྟར་བཏབ་པ་ལ་དཀའ་ལས་ཆུང་པ་དང་། སྟབས་བདེ་པ། ལས་ཕྱོད་ཆེ་བ། སྤུས་དག་པ། ཟབ་ཚད་མཉམ་པ་སོགས་ཀྱི་དགེ་མཚན་ཡོད་པས་གཞི་རྒྱ་ཆེན་པོས་གདབ་པ་ལ་འཚམས་པོ་ཡོད། ཐིག་བཏབ་ནས་གདབ་པ་ནི། ལེགས་པར་རྨོས་ཤིང་བཤལ་བའི་ཞིང་དུ་མི་ཡིས་འཆར་གཞིའི་རོལ་རྒྱ་ནང་ལྟར་ཐིག་བཏབ་སྟེ་འོབས་ཤུར་བརྐོས། དེ་ནས་བར་ཐག་རན་པས་ས་བོན་རེ་རེ་བཞིན་དུ་བཏབ། དེའི་ཐོག་ཏུ་ལུད་བཀྲམ། དེའི་རྗེས་སུ་ས་ཕྱིར་སྤུང་པ་བཅས་བྱས་ཏེ་བཏབ་པ་ཡིན། འདེབས་སྟངས་འདིར་རོལ་འོབས་དང་རོལ་འོབས་ཀྱི་བར་ཐག་དང་སྡོང་རྐང་གི་བར་ཐག་གམ་ས་བོན་དང་ས་བོན་གྱི་བར་ཐག་རྣམས་ཆ་སྙོམས་ཤིང་གྲལ་འགྲིག་པ་དང་། སྤུས་ཅུང་བཟང་པ། ཞིང་སའི་རིམ་པ་གོང་འོག་མི་དཀྲུག་པ། ཞིང་ལ་རླན་བཞའ་དཀོན་པའི་དུས་སུ་རླན་བཞའ་འཕྲོ་བརླག་མི་གཏང་བ་སོགས་ཀྱི་དགེ་མཚན་ཡོད། འོན་ཀྱང་མི་ཡི་ལས་ཀ་དཀའ་ལས་ཆེ་བས་གཞི་རྒྱ་ཆུང་ངུ་ལས་ཆེན་པོར་འདེབས་པ་ལ་དེ་འདྲ་འཚམས་པོ་མེད། འཕྲུལ་ཆས་ཀྱིས་གདབ་པ་ནི། རོལ་རྒྱ་ཆེ་ཆུང་འཆར་གཞི་ལྟར་བྱས་ཏེ་འདྲུད་འཐེན་འཕྲུལ་འཁོར་གྱིས་བཏབ་པ་སྟེ། འདེབས་སྟངས་འདི་ལ་ས་བོན་ཞོག་ཁོག་ཧྲིལ་བོ་ཁོ་ན་བཏབ་པ་ཡིན་ལ། ལས་ཕྱོད་ཆེ་བ་དང་། གཏིང་ཟབ་ཚད་སྙོམས་པ། མྱུ་གུ་འབུ་སྟངས་གྲལ་སྙོམས་པ། འོབས་རྐོ་བ་དང་སོན་འདེབས་པ་ས་སྤུང་པ་རྣམས་དུས་ཐེངས་གཅིག་གིས་འགྲུབ་པ། དཀའ་ལས་ཆུང་བ། ཐན་པའི་གནོད་པ་འགོག་པ། རླན་བཞའ་སྲུང་པ་སོགས་ཀྱི་དགེ་མཚན་ཡོད། འདེབས་སྟངས་དེ་དག་གི་ས་བོན་གཏིང་ཟབ་ཚད་ནི། ཞིང་ས་སབ་སོབ་ཡིན་ན་ཐན་པའི་སྐབས་སུ་གཏིང་ཟབ་པོ་སྟེ་ལི་སྨི་བཅུ་གཉིས་ནས་བཅོ་ལྔ་(༡༢—༡༥㎝)ཡི་བར་ཟིན་ན་འཚམས་ཤིང་དེ་ལས་ཐུང་ན་འབྲས་བུ་དང་སྤུས་ཀ་གཉིས་ཀ་ལ་ཤུགས་རྐྱེན་ངན་པ་ཐེབས་པ་ཡིན། འབྱར་ཚི་ཆེ་བ་དང་། ས་གཤོང་པ། ས་འོག་བརླན་ཤས་ཆེ་བ་སོགས་ཀྱི་ཞིང་དུ་ས་གདིང་ཐུང་བ་སྟེ་ཧ་ལམ་ལི་སྨིན་བརྒྱད་ནས་བཅུ་(༨—༡༠㎝)ཡིས་རན་ལ། གལ་ཏེ་ཟབ་ཆེ་སོང་ན་ས་བོན་རུལ་བ་དང་། མྱུ་གུ་འབུ་འགྱང་པ། སྐྱེ་སྟོབས་ཞན་པ་སོགས་ཀྱི་གནོད་པ་འབྱུང་། སྤྱིར་བཏང་ས་བོན་རོལ་འོབས་སུ་བཞག་པའི་སྐབས་སུ་མིག་ཀོང་ཁ་གོང་འོག་གང་ལ་གཏད་ཀྱང་ཁྱད་པར་ཆེན་པོ་མི་འབྱུང་མོད། འོན་ཀྱང་ཐན་པ་བྱུང་བའི་དུས་སུ་བཅད་ངོས་ས་ལ་སྦྱར་ཞིང་མིག་ཀོང་གོང་དུ་གཏད་ན་མྱུ་གུ་ས་སྟེང་དུ་འབུད་མགྱོགས་པ་ལ་ཕན་ཐོགས་ཅུང་ཟད་འབྱུང་ཡང་སྲིད་དོ། །
ས་བོན་སྲབ་སྟུག་གི་སྐོར་ལ། ཞོག་ཁོག་གི་ཡུ་བའི་གྲངས་ཀ་དང་། ཡུ་བ་རེ་རེ་ལ་ཐོགས་པའི་ཞོག་ཁོག་གི་གྲངས་ཀ། ཞོག་ཁོག་རེ་རེའི་ལྗིད་ཚད་གསུམ་པོ་ཕན་ཚུན་དོ་སྙོམས་ན་ད་གཟོད་འབྲས་བུ་མང་ཙམ་ཐོན་ཐུབ་པས་ས་བོན་སྟུག་ཚད་ནི་གནད་འགག་ཤིན་ཏུ་གལ་ཆེན་པོ་ཞིག་རེད། སྤྱིའི་ཆ་ནས་ས་བོན་སྨིན་མགྱོགས་པའི་རིགས་ལ་སྟུག་པ་དང་སྨིན་འཕྱི་བའི་རིགས་ལ་སྲབ་པ། ཞིང་ས་མི་བཟང་བར་སྟུག་པ་དང་ཞིང་ས་གཤིན་པར་སྲབ་པ། ས་བོན་གྱི་ཆེད་དུ་འདེབས་པ་ལ་སྟུག་པ་དང་ཚོང་རྫས་ཀྱི་ཆེད་དུ་འདེབས་པ་ལ་སྲབ་པ་བཅས་བྱས་ན་བཟང་བ་ཡིན། དེང་སང་བོད་ཡུལ་གྱི་ལོ་ཏོག་ཐེངས་གཅིག་སྨིན་པའི་ས་ཆ་རྣམས་སུ་དཔྱིད་འདེབས་ཀྱི་སྟུག་ཚད་ནི་སྤྱི་ཆིང་གང་རེར་སྡོང་རྐང་ལྔ་ཁྲི་ཉིས་སྟོང་ལྔ་བརྒྱ་(༥༢༥༠༠)ནས་དྲུག་ཁྲི་བདུན་སྟོང་ལྔ་བརྒྱ་(༦༧༥༠༠)ཡི་བར་ལ་ཚོད་འཛིན་བྱས་ན་སྲབ་སྟུག་རན་པོར་བརྩིས་པ་ཡིན། ལོ་ཏོག་ཐེངས་མ་གཉིས་རེ་སྨིན་པའི་ས་ལ་དཔྱིད་ཀར་ཐེངས་དང་པོ་འདེབས་པ་ལ་སྤྱི་ཆིང་རེ་ལ་སྡོང་རྐང་བདུན་ཁྲི་ལྔ་སྟོང་(༧༥༠༠༠)ནས་ཁྲི་དགུ་(༩༠༠༠༠)ཡི་བར་དང་སྟོན་འདེབས་སུ་སྤྱི་ཆིང་རེ་ལ་སྡོང་རྐང་ཆིག་འབུམ་ལྔ་སྟོང་(༡༠༥༠༠༠ )ནས་ཆིག་འབུམ་ཉིས་ཁྲི་(༡༢༠༠༠༠ )ཡི་བར་དུ་ཚོད་འཛིན་བྱས་ན་བཟང་། བུ་ག་རེ་ན་ས་བོན་རྡོག་རེ་བཏབ་ན་རོལ་འོབས་དང་རོལ་འབས་ཀྱི་བར་ཐག་ལི་སྨི་ལྔ་བཅུ(༥༠㎝)དང་། ས་བོན་དང་ས་བོན་གྱི་བར་ཐག་ལི་སྨི་ཉེར་དྲུག་ནས་སོ་གསུམ་( ༢༦—༣༣㎝ )། སྤྱི་ཆིང་རེ་ལ་སྡོང་རྐང་ཁྲི་དྲུག་( ༦༠༠༠༠ )ནས་བདུན་ཁྲི་ལྔ་སྟོང་(༧༥༠༠༠ )ཡི་བར་བཅས་ལ་ཚོད་འཛིན་བྱེད་པ་དང་། ཞིང་ས་བཟང་པོར་བུ་ག་རེ་ལ་སྡོང་རྐང་གཉིས་རེ་བཏབ་པའི་འདེབས་སྟངས་སྤྱོད་ཆོག་པ་སྟེ། དེ་ནི་རོལ་འོབས་གཉིས་ཀྱི་བར་ཐག་ལི་སྨི་ང་ལྔ་ནས་དྲུག་ཅུ་(༥༥—༦༠㎝)རེ་དང་། བུ་ག་གཉིས་ཀྱི་བར་ཐག་ལི་སྨི་བཞི་བཅུ་ (༤༠㎝)ཡན་མན། འདེབས་ཐེངས་དང་པོའི་སྐབས་སུ་སྤྱི་ཆིང་རེར་སྡོང་རྐང་བདུན་ཁྲི་ལྔ་སྟོང་(༧༥༠༠༠ )ནས་བརྒྱད་ཁྲི་ཉིས་སྟོང་ལྔ་བརྒྱ་(༨༢༥༠༠)ཡི་བར་བཅས་བྱས་ན་བཟང་། ཡང་རོལ་འོབས་སྦོམ་ཕྲ་མི་འདྲ་བ་བྱེད་པ་སྟེ། རོལ་འོབས་སྦོམ་པོ་ལ་ས་ཁ་རྒྱ་ལི་སྨི་རེ་དྲུག་( ༦༦㎝)དང་རོལ་འོབས་ཕྲ་བའི་ས་ལ་ཁ་རྒྱ་ལི་སྨི་སོ་གསུམ་(༣༣㎝)། གཉིས་ཀའི་སྡོང་རྐང་བར་ཐག་ལི་སྨི་ཉེར་ལྔ་ནས་ཉེར་བརྒྱད་(༢༥—༢༨㎝)བར་ཡོད་པར་བྱས་ཏེ་ཕྲ་སྦོམ་སྤེལ་མར་བཏབ། ས་སྤུང་དུས་རོལ་འོབས་ཕྲ་བའི་ས་སྤུངས་པ་བཅས་བྱས་པ་སྟེ། དེས་ལོ་ཏོག་གི་སྟུག་ཚད་དང་། རླུང་འོད་ཕོག་ཚད། ས་སྤུང་པ་རྣམས་ཀྱི་འགལ་བ་ཐག་གཅད་ཐུབ། གཞན་རོལ་འོབས་གཅིག་ཏུ་ཞོག་ཁོག་དང་རོལ་འོབས་གཅིག་གམ་གཉིས་སུ་ནས་སམ་མ་རྨོས་ལོ་ཏོག་བཏབ་པ་ལྟར་བསྡེབས་ནས་བཏབ་པ་སོགས་འདེབས་སྟངས་གཞན་ཡང་མང་ངོ་།།
སྤྱིར་བཏང་ཞོག་ཁོག་ནི་རང་ལ་འཚམས་པའི་ཁོར་ཡུག་ཏུ་བ་ཐག་དང་ཡུ་བ་ལོ་མ་གསུམ་པོ་ཕན་ཚུན་གཅིག་ལ་གཅིག་བརྟེན་ཞིང་གཅིག་གིས་གཅིག་ལ་རོགས་བྱས་ནས་འཚར་ལོངས་བྱེད་པ་ཞིག་སྟེ། སྐྱེ་བའི་བརྒྱུད་རིམ་ཆ་ཚང་ལ་རིམ་པ་དྲུག་ཙམ་དུ་ཕྱེ་ཆོག་པ་ཡིན། རིམ་པ་དང་པོ་ནི་ས་བོན་གཉིད་དུ་ཡུར་པའི་དུས་ཞེས་པ་སྟེ། དེ་ནི་ཞོག་ཁོག་གི་ས་བོན་རྣམས་ཆ་རྐྱེན་ངེས་ཅན་འཛོམས་པའི་གནས་སུ་ཟླ་བ་གསུམ་བཞི་ཙམ་བཞག་པ་བརྒྱུད་པས་ད་གཟོད་གཞི་ནས་མྱུ་གུ་འབུས་ཐུབ་པར་འགྱུར་བ་དེ་ལ་ཟེར། མ་གཞི་ཞོག་ཁོག་རིགས་དང་གཞག་སའི་དྲོད་ཚད་མི་འདྲ་བའི་དབང་གིས་གཉིད་དུ་ཡུར་ཡུན་རིང་ཐུང་མི་འདྲ་ལ། སྨིན་དལ་བའི་རིགས་ཀྱི་གཉིད་ཡུར་པའི་དུས་ཅུང་རིང་ལ་སྨིན་མགྱོགས་པའི་རིགས་ཀྱི་གཉིད་ཡུན་ཅུང་ཐུང་བ་ཡིན། ཞོག་ཁོག་ནི་དྲོད་ཚད་ཧྲེ་ཧྲུ་ཏུའུ་བཅུ་( ༡༠℃ )ཡན་གྱི་སྐབས་རང་ཤུགས་སུ་གཉིད་དུ་ཡུར་ནས་མཆུ་འབུར་རྐྱོང་ནུས་པར་འགྱུར་ཐུབ་ལ། ཧྲེ་ཧྲུ་ཏུའུ་གཉིས་ནས་བཞི་( ༢℃—༤℃)ཡི་བར་ན་གནས་སྐབས་སུ་ས་བོན་དུས་རྟག་ཏུ་གཉིད་ཡུར་པའི་རྣམ་པར་གནས་པ་ཡིན་ནོ།། གཉིས་པ་ནི། ས་བོན་ལ་ས་འོག་ཏུ་མཆུ་འབུར་རྐྱོང་( ས་བོན་ལས་མྱུ་གུ་ཐོག་མ་འབུ་པ་ )པ་ནས་ས་ངོས་སུ་བུད་པའི་བར་ནི་མཆུ་འབུར་རྐྱོང་པའི་དུས་རིམ་སྟེ། འདིའི་སྐབས་ནི་ཞོག་ཁོག་གི་འབྲས་བུ་ཐོན་པར་རྨང་གཞི་འདིང་པའི་དུས་ཡིན་ཞིང་ཐད་ཀར་མ་འོངས་པར་འབྲས་བུ་གྲངས་མང་ཉུང་
དང་སྤུས་བཟང་ངན་གང་འདྲ་འབྱུང་བ་དང་འབྲེལ་བ་དམ་པོ་ཡོད། རྒྱུན་ལྡན་ལྟར་བྱས་ན་དུས་ཚད་ཧ་ལམ་ཟླ་བ་གཅིག་ཙམ་ལས་མི་དགོས་ཀྱང་ས་ཆ་འཁྱག་ས་ལ་ཉི་མ་བཞི་བཅུ་ཡན་དུ་འགྱངས་ཤིང་། འགྱིག་སྐྱིས་ཁེབས་བརྒྱབ་ན་དུས་ཡུན་རིང་མི་འགོར་བར་ཕན། གསུམ་པ་ནི། ལྗང་པ་ས་ངོས་སུ་བུད་པ་ནས་ལོ་མ་དྲུག་བདུན་སྐྱེས་བའི་བར་ལ་ལྗང་མྱུག་སྐྱེ་པའི་དུས་རིམ་སྟེ། གཙོ་བོ་སྡོང་རྐང་དང་རྩད་པ་རྒྱས་པའི་སྐབས་ཡིན། སྐབས་འདི་ལ་བསྒྲུབ་དགོས་པའི་སོ་ནམ་གཙོ་བོ་ནི་རྩད་པ་མགྱོགས་པ་རྒྱས་པ་དང་མྱུ་གུ་སྟོབས་ཆེན་པོར་བྱེད་པ། རྩད་པ་དང་ཡུ་བ་ལོ་མ་རྣམས་ཡག་པོ་སྐྱེ་པ་དང་དེ་གསུམ་པོ་ཕན་ཚུན་སྙོམ་སྒྲིག་བྱེད་པ་ལ་གེགས་མི་འབྱུང་བ་བྱེད་པ་བཅས་ཡིན་ནོ།། དེ་ནས་ལོ་མ་བཅུ་གཉིས་བཅུ་གསུམ་རྒྱས་པའི་བར་ནི་བཞི་པ་འབྲུ་ཤ་ཐོགས་པའི་སྐབས་ཏེ། སྐབས་འདི་ལ་ཡུ་བ་མཐོ་དམན་སྤྱིའི་བརྒྱ་ཆ་ལྔ་བཅུར་སྐྱེས་ཟིན་ཞིང་། ལོ་མ་ཆེ་ཆུང་སྨིན་མགྱོགས་པའི་རིགས་ལ་སྤྱིའི་ཆེ་ཆུང་གི་བརྒྱ་ཆ་བརྒྱད་ཅུ་དང་སྨིན་དལ་བའི་རིགས་ལ་སྤྱིའི་ཆེ་ཆུང་གི་བརྒྱ་ཆ་ལྔ་བཅུར་སླེབས་ཚར་ཡོད། འབྲས་བུ་ཐོགས་མགོ་བཙུགས་ཤིང་རྩད་པ་མུ་མཐུད་དུ་རྒྱས་ལ་སྡོང་རྐང་མྱུར་དུ་ཆེ་བའི་དུས་ཡིན་ལ། དུས་ཚོད་ཟླ་བ་གཅིག་ཡན་མན་འགྱངས། སོ་ནམ་གྱི་ལས་ཀ་གཙོ་བོ་ནི། དྲོད་ཚད་དང་། འོད། ཆུ། ལུད་སོགས་ལ་སྙོམས་སྒྲིག་བྱེད་པ་སྟེ། སྔ་སྟོད་རིང་ལ་ཆུ་དང་ལུད་འདང་ངེས་བྱས་ཏེ་ཡུ་བ་དང་ལོ་མའི་སྐྱེ་སྟོབས་ལ་སྐུལ་འདེད་བྱེད་པ་དང་། ཕྱི་སྨད་རིང་ལ་ཡུར་མ་རྒྱག་པ་དང་ས་སྤུང་པས་སྡོང་པོ་དང་རྩད་པའི་མ་ལག་རྒྱས་པ་ལ་རོགས་བྱས་པས་ཕན། དེ་ནས་ལྔ་པ་གཙོ་བོ་འབྲས་བུ་རྒྱས་པའི་དུས་སྐབས་ཏེ། དུས་ཚོད་ཟླ་བ་གཅིག་གཉིས་འགྱངས་ཤིང་སྡོང་པོ་སྐྱེས་རྩལ་རྫོགས་ནས་ལོ་མ་ཆེས་ཆེར་སླེབས་པ་ནས་རིམ་གྱིས་སྐྱེ་མཚམས་བཞག་པ་དང་། འབྲས་བུ་བརྒྱ་ཆ་བརྒྱད་ཅུ་འདིའི་སྐབས་སུ་གྲུབ་པས་འབྲས་བུ་ཆེ་ཆུང་ཐག་ཆོད་པའི་འགག་རྩའི་དུས་ཡིན། འདིའི་སྐབས་སུ་རྩ་བ་སྡོང་པོ་ལོ་མ་བཅས་ཀྱི་སྐྱེ་སྟོབས་ཡུན་ཇེ་རིང་དུ་སྲིང་ཐབས་བྱས་ན་འབྲས་བུ་སྨིན་ལེགས་པ་དང་མང་པ་ལ་ཕན། དེ་ནས་སྡོང་ལོ་རྒས་ཤིང་རྙིད་པ་ནས་འབྲས་བུ་ཕེད་པའི་བར་ནི་རིམ་པ་དྲུག་པ་འབྲས་བུ་སྨིན་པའི་སྐབས་ཏེ། ( མུ་འགོད།)