国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྷག་བསམ་རྣམ་དག་དམངས་དོན་སེམས་སུ་འཆང་།། ངལ་བར་འཛེམ་མེད་རང་འཁྲིའི་ལས་ལ་འབུང་།།

ཉག་རོང་རྫོང་ནོར་ཁོག་ཡུལ་ཤོག་ཡར་སུ་གྲོང་སྡེའི་བཅའ་སྡོད་ཧྲུའུ་ཅི་དང་པོ་དབྱང་ཆིང་རུའུ་ཡི་གནས་ཚུལ་རགས་བཀོད།

དབྱང་ཆིང་རུའུ་ཡིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་བཞིན་པ།

དབྱང་ཆིང་རུའུ་ཡིས་བུད་མེད་དུས་ཆེན་བཞུགས་མོལ་ཚོགས་འདུ་བསྡུས་ནས་འཚོག་བཞིན་པ།

2023ལོར། དབྱང་ཆིང་རུའུ་ཉག་རོང་རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་ནས་མཚོ་འཕགས་སྨི3800ཡོད་པའི་ནོར་ཁོག་ཡུལ་ཤོག་ཡར་སུ་གྲོང་སྡེར་ཡོང་ནས་བཅའ་སྡོད་ཧྲུའུ་ཅི་དང་པོའི་འགན་ཁུར། དུས་དེ་ནས་བཟུང་མོས་ཐོག་མའི་བསམ་འདུན་མ་བརྗེད་ནས་དམངས་དོན་བསྒྲུབས་པ་དང་བློ་གཅིག་སེམས་གཅིག་གི་སྒོ་ནས་མི་དམངས་ལ་ཞབས་འདེབས་ཞུ་བ་རེད།

གནས་མཆོག་མཐོ་སྒང་དུ་དུས་རབས་གསར་པའི་གུང་ཁྲན་ཏང་མིའི་འགན་འཁྲི་དང་། འགན་ཁུར་སྟངས་བཅས་ལ་མོས་དུས་རྟག་པར་འབད་བརྩོན་ལྷོད་མེད་བྱས་ནས་གྲོང་སྡེ་བཅའ་སྡོད་ལས་བྱེད་པའི་མིག་དཔེ་བཟང་པོ་སྟོན་ཡོད།

དམ་བཅའ་བརྟན་པོ་མཐོ་སྒང་ཡུལ་དུ་བཞག།ཐོག་མའི་བསམ་འདུན་ལྟར་དུ་དམངས་དོན་བསྒྲུབས།།

མོས་གྲོང་ཁྱེར་གྱི་གཞུང་ལས་ཁང་ནས་ཐག་རིང་མཐའ་འཁོབ་མཐོ་སྒང་ཡུལ་སྡེར་གནས་སྤོ་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་གནས་ནས་གཞི་རིམ་བཅོས་སྐྱོང་གི་ལས་གནས་དང་པོའི་ལས་ཀར་བསྒྱུར་བར་མགྱོགས་མྱུར་གྱིས་གོམས་ལོབ་བྱས་ཤིང་། དང་ཐོག་ཡར་སུ་གྲོང་སྡེར་སླེབས་སྐབས་མོས་ཉིན་ལྟར་ཟིན་བྲིས་འཁྱེར་ནས་ཞིང་པའི་ཁྱིམ་ཚང་རེ་རེར་སོང་བ་དང་། ཉིན་མོར་ཞིང་ནང་མི་སེར་དང་མཉམ་དུ་ངལ་རྩོལ་བྱས་པ་དང་། དགོང་མོར་ཇ་ཁང་དུ་དམངས་ཀྱི་སྙིང་གཏམ་ལ་ཉན་ནས་མི་སེར་མི་དམངས་ཀྱི་འདོད་བློར་རྒྱུས་ལོན་བྱས། མོའི་ཟིན་ཐོ་ནང་མང་ཚོགས་ཀྱི་གནས་ཚུལ་དང་དཀའ་ངལ་གྱི་རེ་ཞུ་སོགས་དམངས་འཚོ་དང་འབྲེལ་ཡོད་ཀྱི་དོན་དག་འབའ་ཞིག་ལས་གཞན་མི་འདུག།

མོ་རང་འདིར་ཡོང་དོན་ནི་ཁ་བཤད་ཆུའི་ལྦུ་བ་ཙམ་མ་ཡིན་པར་ལག་ལེན་གསེར་གྱི་ཐིགས་པར་འབྱོར་ཐུབ་པའི་ཆེད་དུ་ཡིན་ཞེས་གྲོང་མི་ཚོར་ནམ་རྒྱུན་དེ་ལྟར་བཤད་པ་དང་། ཉིན་ནས་ཟླ། ཟླ་ནས་ལོ་ལྟར་དམངས་དོན་ཁོ་ནར་འབད་འབུངས་བྱས་ཤིང་གྲོང་མི་ཚོའང་མོ་རང་དང་འབྲེལ་འདྲིས་ཆེ་བས་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་གནས་སུ་གྱུར།

དམངས་ཀྱི་ཆེད་དུ་དོན་དངོས་བསྒྲུབས།། འགན་འཁྲི་ལྕི་མོ་ཡིད་ལ་འཆང་།།

རྨང་གཞིའི་སྒྲིག་བཀོད་ཞན་པ་དང་ཐོན་ལས་ཀྱི་འཕེལ་རྒྱས་རྗེས་ལུས་ཡིན་པ། མང་ཚོགས་ཀྱི་ཡོང་འབབ་སྒྲུབ་དཀའ་བ་བཅས་དཀའ་གནད་མང་པོར་འཕྲད་ཀྱང་མོས་དཀའ་སྡུག་ལ་མ་འཛེམས་པ། ཉིན་མོར་འཚམས་འདྲི་དང་མཚན་མོར་བསམ་བློ་བཏང་བ་བཅས་ནུས་པ་ཅི་ལྕོགས་ཀྱིས་ཐག་བཅད་བྱས་པ་རེད། མོས་ཐོན་ཁུངས་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ས་གཤིས་གནོད་འཚེའི་ཉེན་ཁ་ཡོད་པའི་ཞིང་དུད4ལ་ཉེན་གཡོལ་གནས་སྤོ་མ་དངུལ་སྒོར་ཁྲི60བརྩོན་ལེན་བྱས་ནས་ཁོ་ཚོ་ཉེན་ཁ་ཆེ་བའི་ས་ཁོངས་ནས་གནས་སྤོ་ཐུབ་པ་དང་། ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་སྤྱི་ཕན་ལས་གནས4འཛུགས་རྒྱུའི་རེ་བ་ཞུས་ནས་བདེ་འཇགས་འགན་སྲུང་དང་ལས་ཞུགས་གོ་སྐབས་མང་དུ་བཏང་ཡོད། དཔྱིད་རྨོད་སྐབས་སུ་སྤུས་ལེགས་ས་བོན་རྒྱ་མ380བརྩོན་ལེན་བྱས་ནས་འབྲུ་རིགས་ཐོན་ཚད་མཐོ་རུ་བཏང་བ་དང་། དབུལ་ཐར་ཁྱིམ་ཚང5ལ་ཁ་གསབ་སྲིད་ཇུས་རེ་ཞུ་བྱས་ཏེ་འཚོ་བ་ཇེ་ཡག་ཏུ་བཏང་ཡོད། སློབ་ཆེན་སློབ་མའི་ལས་ཞུགས་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་

བཏང་ནས་ཕ་ཡུལ་དུ་ཕྱིར་ལོག་པའི་གཞོན་ནུ་འཕེལ་རྒྱས་ཀྱི་གནད་དོན་གཙོ་བོ་ཐག་གཅོད་བཅས་བྱས་ཡོད།

དོན་ཆེན་སེམས་ལ་བཟུང་ནས།། སྒེར་སེམས་རྒྱབ་ཏུ་དོར་བ།།

2024ལོའི་ཟླ7པའི་ཚེས28ཉིན། དྲག་ཆར་གྱི་ཉེན་བརྡ་བཏང་རྗེས། དབྱང་ཆིང་རུའུ་ཡིས་དུས་ཐོག་ཏུ་འཚུབ་བསྟུན་དང་ལེན་ལམ་སྲོལ་སྒྲིག་འཛུགས་བྱས་ནས། ཉིན་མཚན་སྦྲེལ་ཏེ་གྲོང་སྡེའི་ལས་བྱེད་པ་སྣེ་ཁྲིད་ནས་ཉེན་ཁ་ཡོད་པའི་གནས་ཡུལ་ལ་ཞིབ་བཤེར་བྱས་པ་དང་། ལྟ་ཞིབ་པས་ཉེན་ཁའི་གནས་ཚུལ་སྙན་སེང་ཞུ་སྐབས་མོས་ཡུལ་ཤོག་དང་གྲོང་སྡེ་རིམ་པ་གཉིས་ཀྱི་ལས་བྱེད་པ་དང་མཉམ་དུ་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་ནས་སྐར་མ6ནང་གྲོང་སྡེ་ཡོངས་ཀྱི་མང་ཚོགས52ཉེན་མེད་ཀྱི་ས་ཆར་སྤོས་ཐུབ་པར་མ་ཟད། སྨད་རྒྱུད་ཀྱི་མི327མགྱོགས་མྱུར་ངང་གནས་སྤོ་ཐུབ་ཡོད། འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐེབས་དུས་གྲོང་སྡེ་ཡོངས་ལ་མི་གཅིག་ཀྱང་ཤི་རྨས་བྱུང་མེད། མོའི་ལས་སྒྲུབ་ལས་ཆོད་འདིས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ལེགས་པོ་ཐུབ་ཡོད།

མོའི་ནམ་རྒྱུན་བྱ་སྤྱོད་ལ་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་དང་། ཡར་སུ་གྲོང་སྡེའི་འདམ་རྡོའི་ཉེན་གཡོལ་གྲུབ་འབྲས་མིག་དཔེ་བཟུང་ནས་འཚུབ་བསྟུན་དོ་དམ་པུའུའི་བརྡ་ཁྱབ་དང་བསྟོད་བསྔགས་བྱས་པ་དང་། ཁུལ་རིམ་པའི་ས་གཤིས་གནོད་འཚེ་འགོག་བཅོས་ཀྱི“སྔོན་ཐོན་ཐུན་མོང”གི་མཚན་སྙན་དང་ཆེད་དོན་མ་དངུལ་གྱི་རྒྱབ་སྐྱོར་བྱས་པ་རེད། མོ་རང་གྲོང་སྡེར་བཅའ་སྡོད་བྱེད་པ་དང་། མི་སེར་དང་སེམས་པ་མཉམ་འདྲེས་བྱས་ཏེ་ཡར་སུ་གྲོང་སྡེའི་མི་དམངས་ཀྱིས་སེམས་བརྟེན་ས་དང་དུས་རབས་གསར་པའི་གུང་ཁྲན་ཏང་མིའི་མིག་དཔེ་ཆེས་བཟང་པོར་གྱུར་པའོ།།

( ཡེ་ཤེས་ཀྱིས་བསྒྱུར།)