国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་གི་བསྟན་བཅོས་སོ་ནམ་རྒན་པའི་ལག་རྗེས་ཀྱི་ཚན་པ་མཐོ་སྒང་ཡུལ་དུ་སྲན་ནས་ཞོག་ཁོག་གསུམ་པོའི་རྨོད་འདེབས་བྱེད་ཚུལ།

ཧོར་ཁོག་ཟླ་བཟང་།

དུས་རྒྱུན་དུ་སྤྱི་ཟླ་བཞི་པའི་སྨད་ལ་བཏབ་པ་ནས་སྤྱི་ཟླ་ལྔ་པའི་སྟོད་དམ་དཀྱིལ་ལ་ཕྱིར་འཐེན་ནས་བཏབ་པ་དང་། ཟབ་པ་བཞི་ནི། ས་གདིང་ཟབ་པོར་རྨོས་པ་སྟེ། སྟོན་རྨོས་སྐབས་སུ་ས་གདིང་ཟབ་ཚད་ལ་ལི་སྨི་ཉེར་གསུམ་ནས་ཉེར་ལྔ་( ༢༣—༢༥㎝)བར་ཡོད་པར་རྨོས་པ་དང་གཅིག། ས་བོན་ཟབ་པོར་བཏབ་པ་སྟེ། དཔྱིད་ཀར་འདེབས་པའི་དུས་སུ་ཞིང་སའི་རྒྱུ་དག་དང་རླན་བཞའ་དག་ལ་གཞིགས་ནས་ཐན་པ་ཡོད་པ་དང་ས་རྒྱུ་སབ་སོབ་ཡིན་པ་ན་ས་གདིང་ལི་སྨི་བཅུ་ནས་བཅུ་གཉིས་(༡༠—༡༢㎝)བར་དུ་ཟབ་པོར་བཏབ་པ་དང་རླན་ཤས་ཆེ་ས་དང་ཞིང་ས་འབྱར་ཚི་ཆེ་བའི་ས་ན་ས་གདིང་ལི་སྨི་དྲུག་ནས་བརྒྱད་( ༦—༨㎝)བར་དུ་བཏབ་པ་དང་གཉིས། མྱུ་གུའི་སྐབས་སུ་ཡུར་མ་ཟབ་པོ་རྒྱག་པ་སྟེ། མྱུ་གུ་ས་ངོས་སུ་བུད་མ་ཐག་གམ་ལོ་མ་ཁ་མ་ཕྱེ་གོང་ལ་ཡུར་མ་གཏིང་ཟབ་པོ་རྒྱག་པ་དང་གསུམ། དེས་ས་སབ་སོབ་དང་རྩྭ་ལྡུམ་སེལ་བ། ཐན་པའི་གནོད་པ་འགོག་ཅིང་རླན་བཞའ་སྲུང་བ་སོགས་ལ་ཕན། ལིན་སྐྱུར་ཨིན་གཉིས(磷酸二铵)གདིང་ཟབ་པོར་བཀྲམ་པ་དང་བཞི་སྟེ། སྟོན་རྨོས་སྦྱག་སློག་གཏིང་ཟབ་པོ་བརྒྱབ་པ་དང་བསྟུན་ནས་ལུད་དེ་ཞིང་སའི་རིམ་པ་ཆེས་འོག་མར་གླེབས། དེས་ལུད་ཀྱི་བྱེད་ནུས་ཐོན་པའི་དུས་ཚོད་ཇེ་རིང་དུ་འགྲོ་ཞིང་སྐྱེ་རིམ་ཡོངས་རྫོགས་ཀྱི་དགོས་མཁོ་བསྐོང་བ་ཡིན་ནོ།། གཞན་ད་དུང་དཔེར་ན་ས་བོན་ས་གདིང་ཟབ་པོར་བཏབ་ཅིང་ཐོག་ཏུ་ས་སྲབ་མོ་འགེབས་ཏེ་མྱུ་གུ་ཐུང་ཞིང་སྟོབས་ཆེན་པོ་མགྱོགས་པར་སྐྱེ་བར་བྱེད། དེ་ནས་རིམ་གྱིས་ས་འོར་ཐེངས་དུ་མ་སྤུངས་ནས་འབྲས་བུ་གོང་འོག་རིམ་པ་དུ་མ་ཐོགས་ཐབས་བྱེད་པས་ཐོན་ཚད་ཇེ་མཐོར་གཏང་བ་ལྟ་བུ་དང་། ཡང་། འདེབས་སྟངས་ཚད་ལྡན་ཅན་དུ་བསྒྱུར་པ་སྟེ། ས་བོན་གྱི་ཆ་ནས་ནད་དུག་མ་འགོས་པ་དང་རྡོག་པོ་ཆུང་ངུ་ཧྲིལ་བོ་ཡིན་པའི་ཚད་ལྡན་ཅན་བདམས་པ་དང་། སྟུག་ཚད་ལ་ཞིང་ས་གཤིན་པར་ས་བོན་སྲབ་པ་དང་ཞིང་ས་ཞན་པོར་ས་བོན་སྟུག་པའི་རྩ་དོན་ལྟར་ས་བཟང་སར་སྤྱི་ཆིང་རེར་སྡོང་རྐང་ཁྲི་ལྔ་( ༥༠༠༠༠ )ནས་ལྔ་ཁྲི་ལྔ་སྟོང་( ༥༥༠༠༠ )ཡི་བར་ཡོད་པ་ལ་རོལ་འོབས་སྦོམ་ཕྲ་སྤེལ་མ་བྱེད་པ་དང་། ས་རྒྱུ་ཞན་ས་ལ་སྤྱི་ཆིང་རེར་སྡོང་རྐང་ཁྲི་དྲུག་( ༦༠༠༠༠ )ནས་དྲུག་ཁྲི་བདུན་སྟོང་ལྔ་བརྒྱ་( ༦༧༥༠༠ )ཡི་བར་ཡོད་པ་ལ་རོལ་འོབས་སྦོམ་ཕྲ་ཆ་མཉམ་པར་བྱས་ནས་བཏབ་པ་དང་། ལུད་ཀྱི་ཆ་ནས་ཞོག་ཁོག་འབྲས་བུ་སྟོང་ཁེ་ཆིག་སྟོང་(༡༠༠༠㎏)རེ་ཐོན་པ་ལ་ཞིང་ས་ལས་ཏན་ལུད་( N )སྟོང་ཁེ་ལྔ་དང་ཕྱེ་( ༥.༥㎏ )དང་། ལིན་ལུད་(p2o5 )སྟོང་ཁེ་གཉིས་( ༢㎏ )། ཅྭ་ལུད་( k2o)སྟོང་ཁེ་བཅུ་གཉིས་( ༡༢㎏ )བཅས་སྡུད་ལེན་བྱེད་བཞིན་ཡོད་པ་ལྟར། ཞིང་གི་ས་རྒྱུ་གཤིན་ཚད་འབྲིང་ཙམ་ཞིག་ཏུ་སྤྱི་ཆིང་རེར་ཁྱིམ་ལུད་སྟོང་ཁེ་ཉིས་ཁྲི་ཉིས་སྟོང་ལྔ་བརྒྱ་ལྔ་ཅུ་( ༢༢༥༥༠ )ཡིས་ཚད་བྱས་ནས་བཀྲམ་པ་སྟེ། མཐོ་སྒང་གི་ས་ལ་ཅྭ་ཅུང་འདུས་མང་ཞིང་ཏན་དང་ལིན་ཉུང་པས་ཞོག་ཁོག་གི་དགོས་མཁོ་བསྐང་ཐུབ་ཕྱིར་ཁྱིམ་ལུད་གཙོ་བོ་བྱེད་པ་ལ་ཏན་དང་ལིན་ཅུང་ཙམ་མང་བས་རོགས་བྱེད་པའི་ཚུལ་གྱིས་བཀྲམ་པ་དང་། ཞིང་ཁ་བདག་གཉེར་གྱི་ཆ་ནས་མྱུ་གུ་ཆུང་ངུའི་སྐབས་ཞིང་ས་སབ་སོབ་དང་སའི་དྲོད་ཚོད་མཐོན་པོ་བཏང་ནས་རྩད་པའི་མ་ལག་ལེགས་པར་རྒྱས་སུ་བཅུག་པ་ནི་གནད་འགག་ཆེ་ཤོས་ཡིན་པས་ལས་ཀ་གཙོ་བོ་ལ་ཡུར་མ་སྔ་མོ་ནས་གཏིང་ཟབ་པོ་རྒྱག་པ་དང་ས་སྔ་ཕྱི་དུ་མ་སྤུང་དགོས། འབྲས་བུ་ཐོགས་བཞིན་པའི་སྒང་གི་ལས་ལས་ཀ་གཙོ་བོ་ནི་ལུད་ཁ་གསབ་བྱེད་པ་དང་། ཆུ་འདྲེན་པ། ཁ་པགས་ལ་ཡུར་མ་རྒྱག་པ། ས་མཐོན་པོར་སྤུངས་པ་སོགས་བྱས་ཏེ་མྱུ་གུ་སྟོབས་ཆེན་པོར་བྱེད་པ་གཙོ་ཆེ། འབྲས་བུ་སྨིན་པའི་སྐབས་སུ་ལོ་མ་ལ་ལུད་འགྲེམས་པ་དང་ཆུ་འདྲེན་པ་འབུ་དང་ནད་འགོག་པ་སོགས་ཀྱིས་འབྲས་བུ་ཆེན་པོ་དང་ཕིང་རྩམ་བསག་ཐབས་བྱེད་པ་གལ་ཆེའོ།།ལུད་ཁ་གསབ་བྱེད་པའི་དུས་ཚོད་ནི་མྱུ་གུའི་སྐབས་དང་། མེ་ཏོག་གང་བུ་ཐོགས་པའི་སྐབས། མེ་ཏོག་བཞད་པའི་སྐབས་བཅས་སོ་སོ་ལ་ཁ་གསབ་བྱེད་པའི་ཕན་ཐོགས་རིམ་བཞིན་ཕྱི་མ་ཕྱི་མ་ཞན་པས་ལུད་ཁ་གསབ་ནི་མེ་ཏོག་མ་བཞད་སྔོན་ལ་བྱས་ན་བཟང་བ་ལྟ་བུ་སོགས་མང་ངོ་།།

ཞོག་ཁོག་ལ་ཕོག་སྲིད་པའི་ནད་རིགས་ལ་རླམ་པའམ་ཧམ་སྤུའི་རིགས་ཀྱི་ནད་དང་། དུག་སྲིན་ཕྲ་མོའི་རིགས་ཀྱི་ནད། ནད་དུག་རིགས་ཀྱི་ནད། འབུའི་རིགས་ཀྱི་གནོད་པ་ལ་སོགས་པ་ཡོད། རང་རང་སོ་སོ་ལ་སྔོན་འགོག་བྱེད་ཐབས་དང་སྨན་བཅོས་བྱེད་ཐབས་ཐུན་མོང་མ་ཡིན་པ་ཡོད་པས་གཞུང་གཞན་ལས་ཤེས་པ་གལ་ཆེའོ།།

ཞོག་ཁོག་ནི་བརྒྱ་ཆ་བདུན་ཅུ་དོན་དྲུག་ཡན་མན་ཆུ་དང་། བརྒྱ་ཆ་ཉེར་བཞི་ཡན་མན་དངོས་རྫས་སྐམ་པོས་གྲུབ་ལ་དངོས་རྫས་སྐམ་པོའི་བརྒྱ་ཆ་བདུན་ཅུ་ནས་བརྒྱད་ཅུ་ནི་སེང་ཕྱེའམ་ཕིང་རྩམ་ཡིན། སྨིན་ལེགས་པའི་ཞོག་ཁོག་ཏུ་སྤྲི་དཀར་རྫས་བརྒྱ་ཆ་གཉིས་ཡན་མན་འདུས་ཤིང་། དེའི་ནང་དུ་ཨིན་རྨང་སྐྱུར་རིགས་མི་འདྲ་བ་བཅོ་བརྒྱད་ཙམ་ཡོད། དེ་ལས་ཨིན་རྨང་སྐྱུར་ལ་ལ་ནི་མི་ལ་ངེས་པར་དུ་དགོས་ཤིང་ལུས་ཕུང་རང་གིས་འདྲེས་སྦྱོར་བྱེད་མི་ནུས་ལ་ཟོས་ན་ཧ་ཅང་འཇུ་བདེ་ཞིང་སྡུད་ལེན་བྱེད་སླ་བའི་རིགས་ཡིན། དེ་མིན་ད་དུང་ཝེ་འཚོ་རྒྱུ་ཀ་དང་ཝེ་འཚོ་རྒྱུ་ག་སོགས་ཝེ་འཚོ་རྒྱུའི་འཚོ་བཅུད་རིགས་བརྒྱད་དང་། ཀལ་དང་། ལིན། ལྕགས་སོགས་གཏེར་རྫས་རིགས་བཅུ་ལྷག་འདུས་ཡོད། འོན་ཀྱང་མཆུ་འབུར་རྐྱོང་( མྱུ་གུ་འབུར་བ)ཟིན་པའམ་ཁ་དོག་ལྗང་ཁུར་གྱུར་པའི་ཞོག་ཁོག་ཏུ་ཉི་མ་མེ་ཏོག་གི་རྒྱུ་(龙葵素)ཞེས་པའི་འདུས་ཚད་མཐོན་པོར་གྱུར་ཟིན། གལ་ཏེ་ཁེ་བརྒྱ་(༡༠༠g )རེ་ལ་དེའི་འདུས་ཚད་ཧའོ་ཁེ་ཉི་ཤུ་( ༢༠㎎)བརྒལ་ཟིན་པའི་ཞོག་ཁོག་ཟོས་ན་ཟས་དུག་ཏུ་གྱུར་པ་ཡིན་པས་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། དེ་བས་མཆུ་འབུར་རྐྱོང་བའམ་མདོག་ལྗང་ཁུར་གྱུར་པའི་སྐབས་ངེས་པར་དུ་ལྗང་ཁུའི་ཆའམ་མྱུ་གུ་མིག་རྐང་དང་བཅས་པ་གཙང་མར་གཅད་དགོས། ཞོག་ཁོག་གི་ལས་སྣོན་བྱས་པའི་ཟས་ཀྱི་རིགས་ལ་ཟས་སྐམ་པོའི་རིགས་དང་། སྣུམ་དུ་བཙོས་པའི་རིགས། འཁྱགས་འཁེངས་བྱེད་པའི་རིགས་སོགས་དང་། ཕིང་སྐུད་སོགས་ཕིང་རྩམ་ལས་སྣོན་བྱེད་པའི་རིགས་སོགས་སྣ་ཚོགས་པ་ཡོད་ཀྱང་ཟོས་མང་ན་རྩམ་པས་ཕོ་ཁ་ན་ཞེས་པའི་དཔེ་ཡོད་པས་རེ་ཞིག་དེ་ཙམ་མོ། །

དེ་ལྟར་སྲན་ནས་ཞོག་ཁོག་གསུམ་གྱི་རྨོད་འདེབས་བྱེད་ཚུལ་འདི་ཡང་ཏྲེ་ཤོད་ཡུལ་གྱི་སྲན་མ་དང་ཞོག་ཁོག་གཉིས་ཀྱི་སྐྱེ་སའི་ཁོར་ཡུག་ནི་བོད་ལྗོངས་ཀྱི་ས་ཆ་ཕལ་མོ་ཆེའི་གནས་ཚུལ་དང་ཆ་མཚུངས་བཞིན་ཡོད་པས་འདིར་བོད་ལྗོངས་ཀྱི་འབྲུ་རིགས་ཕལ་བ་(西藏小杂粮)ཞེས་པར་བོད་ལྗོངས་ཡུལ་དུ་སྲན་མ་དང་ཞོག་ཁོག་བཏབ་པའི་ཉམས་མྱོང་དང་ཞིབ་

འཇུག་བྱེད་པའི་འབྲས་བུ་གྱ་ནོམ་པ་བརྗོད་ཡོད་པ་དེ་ལ་གཞིར་བཅོལ་ཞིང་རང་རེའི་ཡུལ་གྱི་སོ་ནམ་པ་རྒན་པའི་ངག་ནས་ཐོན་པའི་མན་ངག་དང་ཡང་ཟུང་འབྲེལ་ནས་བརྗོད་པ་ཡིན་ལ། ནས་ཀྱི་རྨོད་འདེབས་བྱེད་སྟངས་ནི་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་གོའི་ནས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྒྱབ་ཤ་སྔོན་པོའི་དེབ་(中国青稞产业发展蓝皮书)ཅེས་པ་གཙོ་བོར་བྱས་ཏེ། ཀྲུང་གོའི་དེང་རབས་ཞིང་ལས་ཐོན་ལས་མུ་འབྲེལ་འཕེལ་རྒྱས་ཀྱི་ཐབས་ཇུས་ཞིབ་འཇུག་གི་ནས་ཀྱི་ཚན་པ་(中国现代农业产业可持续发展战略研究大麦青稞分册)ཞེས་པ། གནམ་གཤིས་འགྱུར་ལྡོག་གིས་བོད་ལྗོངས་ཡུལ་གྱི་ནས་རྨོད་འདེབས་ལ་ཐེབས་པའི་ཤུགས་རྐྱེན་ཞིབ་འཇུག་(气候变化对西藏青稞种植的影响研究)ཅེས་པ་བཅས་རྣམས་ལ་ཁུངས་གཏུགས་ནས་བསྡུས་པ་ཡིན། སྤྱིར་བཏང་རྒྱབ་ཤ་སྔོན་པོའི་དེབ་ཅེས་པ་ནི། རིག་གཞུང་ལས་ཁུངས་དང་། བློ་ཕུགས་ཚོགས་པ། ཆེད་ལས་ཞིབ་འཇུག་པ་སོགས་ཕྱོགས་གསུམ་པས་ཁྱབ་ཁོངས་གང་ཞིག་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱས་ཏེ་ཁྱབ་ཁོངས་དེའི་ད་ལྟའི་གནས་ཚུལ་དང་མ་འོངས་པའི་འཕེལ་རྒྱས་ཀྱི་རྣམ་པ་དག་ལ་དབྱེ་ཞིབ་དང་སྔོན་དཔག་བྱས་པ་རྣམས་སྲིད་ཇུས་གཏན་འབེབས་བྱེད་མཁན་ལ་བསམ་འཆར་དང་དཔྱད་གཞི་བཏོན་པ་ཞིག་སྟེ། བྱེ་བྲག་གི་ཞིབ་འཇུག་གཞན་ལས་ཀྱང་ལྷག་པར་རྒྱ་ཡངས་ཤིང་གཏིང་ཟབ་ལ་ཁུངས་བཙུན་པའི་ཡིད་ཆེས་རུང་བ་ཡིན་དགོས་པ་ཞིག། གཞུང་དེ་དག་ཏུ་སྲན་ནས་ཞོག་ཁོག་གསུམ་པོ་སོ་སོ་དང་འབྲེལ་བའི་ཕྱོགས་ཡོངས་ལ་ཞིབ་ཏུ་བྲིས་ཡོད་ཀྱང་ཚང་མ་ཤོང་དཀའ་བས་འདིར་གཙོ་བོ་རང་ཡུལ་ཞིང་པ་རྣམས་ཀྱི་བློ་སྒོ་དབྱེ་པ་དང་སོ་ནམ་ལག་རྩལ་ཡར་ཐོན་ལ་ཐད་ཀར་ཕན་ཐོགས་འབྱུང་སྲིད་པར་སྣང་བ་འགའ་གནད་བསྡུས་ནས་བཀོད་པ་ཡིན་ནོ། ། དེ་ལྟར་བྱས་པ་ཡང་འགྲོ་བའི་སེམས་ཅན་ལས་སྨྲ་ཤེས་དོན་གོ་བའི་དན་རྟགས་ཅན་ཞིག་ཏུ་གྱུར་པ་ནི་ཕ་མས་སྲོག་གནང་། འབྲུ་རིགས་ཀྱིས་ཚེ་སྲིང་། རིག་གནས་ཀྱིས་མིར་སྐྱོང་བ་བཅས་པའི་འབྲས་བུ་སྟེ་སྤྱི་སྒེར་གཉིས་ཀྱི་འཚོ་གནས་དང་འཕེལ་རྒྱས་ནི་ནམ་ཡང་སོ་ནམ་གྱི་འཕེལ་རྒྱས་དང་ཁ་བྲལ་ཐབས་མེད་ཀྱི། ཉེ་བའི་ལོ་ལ་འདིའི་ས་ཆ་འགའ་རེ་ན་སྲན་མ་འདེབས་མཁན་རིམ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཅིང་གྲོང་པ་འགའ་རེ་ན་འདེབས་མཁན་ཕལ་ཆེར་མེད་པར་གྱུར་པ་དང་། ཞོག་ཁོག་འདེབས་མཁན་མི་ཉུང་བ་ཡོད་ཀྱང་ཕལ་མོ་ཆེ་ན་འབྲས་བུ་སྔར་ལྟར་མི་བཟང་པ་དང་། ཁྱད་པར་དུ་ཡུལ་གཞན་ནས་ཞོག་ཁོག་རིགས་འདྲ་དང་མི་འདྲ་ནང་དུ་འདྲེན་ཏེ་ཕན་ཚུན་བསྲེས་པས་རིགས་གསར་པར་ཡོང་འབྱུང་ཞན་ཞིང་རང་ཡུལ་གྱི་རིགས་རྙིང་པའི་ཞོག་ཁོག་རྣལ་མ་ཡང་རྒྱུན་ཆད་ལ་ཉེ་བ་སོགས་ཀྱི་གནས་ཚུལ་འབྱུང་པ། ནས་ཀྱི་ཞིང་ལས་སོ་ནམ་ཡང་སྔོན་ཐོན་ཅན་གྱི་ས་ཆ་གཞན་པའི་རྗེས་མ་ཟིན་པ་སོགས་ནི། མ་གཞི་གནམ་གཤིས་རྒོད་པ་དང་། ས་བཅུད་ཞན་པ། ལོ་ཏོག་རིགས་ཉུང་བ་སོགས་ལོ་ཏོག་སྐྱེ་པའི་གེགས་ཤིན་ཏུ་མང་བའི་ཐོག་དཔེར་ན་འདེབས་པའི་ལོ་ཏོག་སྣ་ཁ་དེ་ལས་ཀྱང་ཇེ་ཉུང་དུ་སོང་སྟེ་ལོ་ཏོག་རིགས་གཅིག་ཨ་ནས་ཡང་དུ་བཏབ་པ་དང་། སྐྱེ་ལྡན་ལུད་དཀོན་པོར་གྱུར་པ། ཡུར་མ་ཡེ་ནས་ཆད་པའམ་རྨོན་འཐུས་མ་ཚང་བ་ལྟ་བུ་སོགས་ཕ་མེས་ཀྱི་རྣམ་དཔྱོད་ལས་བྱུང་བའི་སྲོལ་རྒྱུན་སོ་ནམ་བྱེད་ཐབས་རྣམས་ནི་ཉི་ལ་བསྐམས་པའི་ཆུ་བཞིན་རྒྱ་ཡན་དུ་བཏང་ཞིང་། དེང་རབས་ཀྱི་འགྲོས་དང་མཐུན་པའི་སོ་ནམ་གྱི་ཤེས་རྩལ་གསར་པ་ཚོས་ནི་གཉིད་སངས་བྱེད་དེ་བུ་ལ་རེ་པའི་མའི་རྟུལ་ཞུགས་འཛིན་བཞིན་སྒོ་འགྲམ་དུ་སྒུག་ཡོད་ཀྱང་ཁ་ཡ་བྱེད་མཁན་མེད་པ་དག་དང་འབྲེལ་བ་ཆེན་པོ་ཡོད་འདུག་སྟབས་མདོ་མ་ཤོར་པ་དག་གིས་ནི་སོ་ནམ་གྱི་ཤེས་རྩལ་འདི་དག་ལའང་ཤིན་ཏུ་བརྩོན་རིན་ཡོད་པས་ཡིན་ནོ།། ( རྫོགས་སོ།)