国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རི་གྲོང་གི་མཛའ་གཞས།

ལབ་རྩེ་ཁ་བས་གཡོག་པའི་ཕྱི་དྲོ་ཞིག་ལ། །

ཞེ་སེམས་ཙག་གིས་བསྡམས་པའི་དགུན་ཁ་ཞིག་ལ། །

དྲན་གདུང་སྨེང་གཞས་བཀུག་པའི་ཕལ་བ་ཞིག་གི། །

འདང་བརྩེ་འོ་མཚོར་བཞུགས་པའི་ཉི་ཟླ་སྐར་གསུམ། །

མི་ཚོགས་འ་འུར་ཡིན་པའི་རི་གྲོང་ཞིག་ན། །

ལྷིང་འཇགས་གུ་ཡངས་འཚོ་བའི་གནས་མལ་ཞིག་ན། །

ངག་རིག་དྲིལ་ཆུང་རྡུང་བའི་མི་རྐྱང་འཁྱམས་པོའི། །

འཚོ་བའི་ཉིན་སྲིབ་བཞུགས་པའི་ལྷ་མོ་ཁྱེད་ལ། །

ལང་ཚོའི་མེ་ཏོག་རྩྭ་ཐང་དཀྱིལ་དུ་བཞད་ཡོད། །

རེ་བའི་སྨོན་ལམ་ཡིད་ཀྱི་ཟབ་སར་འཁྲུངས་ཡོད། །

གཡོ་མེད་དད་འདུན་སྤྱི་བོའི་ཐོང་ག་དེ་ནས། །

ནམ་དུ་འབྲལ་བ་མེད་པས་བློ་སེམས་བདེ་ཆོག །

དགའ་མའི་གཟུགས་སུ་ཆགས་པའི་སེམས་པ་མ་ཐུལ། །

རེ་བའི་མེ་ཏོག་འཐུ་བའི་ལས་ཀར་རྔམས་སོང་། །

དྭངས་གསལ་མཚོ་ཡི་འདབས་ནས་ངང་བ་ཁྱོ་ཤུག །

ང་ཡི་ཕུགས་འདུན་ཁུར་ཏེ་རྒྱང་ལ་འཕུར་སོང་། །

རྗེས་ཆགས་ཉམས་བརྒྱ་གྲོལ་བའི་བརྩེ་དགའི་ལྷ་མོ། །

མ་དག་འཁྲུལ་བའི་ཀློང་ནས་ཕྱི་མིག་གནང་དང་། །

གཡུང་མོའི་རི་དྭགས་ཚོགས་ཀྱི་གྲལ་འགོ་དེ་ན། །

སྣང་བ་དབྱངས་ལ་བརྒྱུས་པའི་གཡུ་སྦྲང་ཞིག་གིས། །

འདི་སྣང་འཇའ་ཚོན་བཀྲ་བའི་ན་སྤང་མཚམས་སུ། །

ནོར་ནག་ལྷས་ལ་འཁོར་བའི་ཕྱི་དྲོ་ཞིག་ལ། །

འབྲོག་མོ་ཨ་ཅེ་ལྷ་མོ་དགྱེས་འཛུམ་ངང་དུ། །

འཚོ་བའི་དོན་དུ་བརྒྱུགས་པར་ཕྱི་མིག་ཤོར་སོང་། །

འཛུམ་གྱི་པདྨོ་ཡག་པ་བརྗེད་ཐབས་མ་བྱུང་། །

འཁོར་བའི་དགའ་བདེ་མྱོང་འདོད་ཆེ་བས་ཅི་ཡིན། །

ལུས་ལ་བརྒྱན་པའི་གོས་ཆེན་རིང་མོ་དེ་ཡང་། །

ང་ཡི་མིག་གི་མདུན་ནས་ཡལ་ཐབས་མེད་ཀི། །

ངེས་གཏན་རང་དབང་མེད་པའི་འཇིག་རྟེན་འདི་ནས། །

འཚོ་བར་སྙིང་བོ་མེད་པའི་དགའ་སྐྱོའི་གླེགས་ནས། །

གང་གི་ལྷ་མོ་ཁྱེད་ཀྱི་ཞབས་པད་དྲུང་དུ། །

བདག་གི་ཡོད་ཚད་ཕུལ་ཏེ་མཇལ་ཁ་ཞུས་ཡོད། །

མི་ཚེ་ཉི་འོད་འདྲ་སྟེ་སྐད་ཅིག་ཙམ་དུ། །

མཚར་སྡུག་ལང་ཚོའི་ཁེངས་ཡང་བསྟུན་མར་གཟིམ་འགྲོ། །

དེ་བས་སེམས་ལ་ཉར་བའི་གསང་གཏམ་མཐའ་དག །

ཁྱོད་ལ་གླེང་རན་བྱུང་བའི་སྐབས་སུ་བབ་ཡོད། །

མཚམས་སྤྲིན་སེར་པོའི་འོག་ཏུ་ཏིང་འཛིན་ངང་དུ། །

མཉམ་བཞག་སྒོམ་གྱི་གནད་ལ་ཡེ་ནས་བཞུགས་སམ། །

ཡང་ན་སྐྱེད་ཚལ་ར་བའི་འཇོ་སྒེག་ནང་དུ། །

དཀར་དམར་མེ་ཏོག་བཞིན་དུ་ལྷོད་ཀྱིས་རྒྱུའམ། །

སྐྱོ་གདུང་སྨེང་བ་ཁུར་ཏེ་མདུན་དུ་སྐྱོད་ཡོད། །

རེ་བའི་དར་ཆ་སྒྲེང་སྟེ་གང་དུ་ཆས་འགྲོ། །

ངག་དབང་དབྱངས་ཅན་དགའ་མའི་ཞབས་ཀྱིས་བཅག་པའི། །

དྲུག་འགྱུར་སྒྲ་སྙན་སྒྲོགས་པའི་གཞིས་ཀ་དེ་རུ། །

ཉི་འོད་ལམ་ལམ་འཚེར་བའི་རི་སྒང་ཞིག་ཏུ། །

བསིལ་བྱེད་འཛུམ་ཆུང་ཡག་པའི་གངས་འདབས་དེ་ན། །

བརྩེ་བའི་གཤོག་ཟུང་རྒྱས་པའི་ལྷ་མོ་ཁྱེད་ལ། །

ལུས་ངག་ཡིད་གསུམ་དང་བཅས་ཕུལ་བ་ལེགས་ན། །

༼ ཁམས་ཟླ་སྲས། ༽