国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕྱག་ཕྲེང་གི་གྱང་ཁང་དཀར་པོའི་ཆགས་བཀོད།

སྤྱིར་ཕྱག་ཕྲེང་དུ་མི་ཚང་རེ་ལ་སྡོད་ཁང་རེ་དང་། སྡོད་ཁང་ལ་མ་ཁང་ངམ་ཁྱིམ་དང་། མཆོད་ཁང་།( ཕྱག་ཕྲེང་ཡུལ་སྐད་དུ་མཛོད་ཀྱང་ཟེར།)གསང་སྤྱོད་ཁང་། སོབ་ཁང་ངམ་ཐོག་ཁང་བཅས་བཞི་ཙམ་ཡོད། མཆོད་ཁང་དེ་མ་ཁང་དང་རྟ་མགོ་གཟུགས་སམ་སློབ་དཔོན་ཁ་བྱས་ནས་ཕྱི་ར་ལ་ཁ་གཏད་པ། འགའ་ཤས་ཀྱི་མ་ཁང་གྲུ་བཞི་མ་ལ་མཆོད་ཁང་སུམ་ཐོག་ཏུ་བཟོས་པ། མ་ཁང་ལའང་མ་ཁྱིམ་དང་ཉི་ར་གཉིས་ཡོད། གསང་སྤྱོད་ཁང་ནི་ཁང་པའི་རྒྱབ་ཕྱོགས་ཏེ། ནུབ་དང་བྱང་གང་རུང་ལ་རླུང་གི་ཁ་ཕྱོགས་ལ་བལྟས་ནས་ཁང་པ་ནང་དྲི་མ་མི་འཁོར་བ་བྱ་རྒྱུ། འགའ་ཤས་ཀྱིས་མ་ཁང་གི་ཉིས་ཐོག་གི་བྱང་ངོས་ལ་བཞི་མིག་གཅིག་གཉིས་ཙམ་གསང་སྤྱོད་ཁང་བཟོ་སྲོལ་ཡོད། སོབ་ཁང་གི་ཕྱི་རའི་རྒྱ་སྒོའི་གཡས་གཡོན་གང་འཚམ་ལ་འགེབས་པའམ། འགའ་ཤས་ཀྱིས་སུམ་ཐོག་ལ་བཟོས།

སྡོད་ཁང་ཕལ་ཆེར་ཐོག་རྩེག་གསུམ་མམ་བཞི་ཡིན། སྤྱིར་བཏང་མ་ཁང་གི་ཀ་བ་མང་ཉུང་ལ་ཀ་བ༩དང་། ༡༥ ༡༦ ༢༠ ༢༤ ༣༠ ༣༥ ༤༠ ༤༢ ༤༥ ༤༨ ༥༠ ༥༢ ༥༨ ༦༥ ༨༠ ༨༦ ༡༠༠ ༡༡༨སོགས་ཡོད། མཆོད་ཁང་ལ་ཀ་བ༩དང་། ༡༢ ༡༦ ༢༤སོགས་ཡོད། གསང་སྤྱོད་ཁང་ངམ་སྐྱག་ཁང་ལ་ཀ་བ༦དང༩སོགས། སོབ་ཁང་ངམ་ཐོག་ཁང་ལ་ཀ་བ༩དང་། ༡༢ ༡༦ ༢༤སོགས།ཀ་བ་བཞིའི་བར་ཤོང་རེ་ལ་བཞི་མིག་རེ་ཟེར།དཔེར་ན། མ་ཁང་ཀ་བ༣༠དང་མཆོད་ཁང་ཀ་བ༡༢ཅན་ཞིག་ཡིན་ན། མ་ཁང་གི་ཤར་ནས་ནུབ་ཀྱི་ཞེང་ལ་ཀ་བ༦བྱས་ན་ལྷོ་ནས་བྱང་གི་དཀྱུས་ལ་ཀ་བ༥། མཆོད་ཁང་གི་ཞེང་ལ་ཀ་བ༣བྱས་ན་དཀྱུས་ལ་ཀ་བ༤བྱས་པས་ཁྱོན་བསྡོམས་ཀ་བ༤༢།

ཐོག་དང་པོའི་གྱང་ཞེང་ལ་སྟོང་ཆའི་སྨི༡༠༠༠ཡས་མས་དང་། ཐོག་གཉིས་པའི་གྱང་ཞེང་ལ་སྟོང་ཆའི་སྨི༨༠༠ཡས་མས། ཐོག་གསུམ་པའི་གྱང་ཞེང་ལ་སྟོང་ཆའི་སྨི༥༠༠ཡས་མས། ཐོག་བཞི་པའི་གྱང་ཞེང་ལ་སྟོང་ཆའི་སྨི༣༠༠ཡས་མས། ཀ་བ་དང་ཀ་བ་བར་གྱི་བཞི་མིག་གི་དཀྱུས་ཞེང་གི་རིང་ཚད་ལ་སྟོང་ཆའི་སྨི༣༠༠༠ཡས་མས། གྱང་དང་ཀ་བ་བར་གྱི་ཀ་རྒྱབ་ལ་སྟོང་ཆའི་སྨི༡༠༠ཡས་མས། མ་ཁང་ངམ་ཁྱིམ་ཡང་མ་ཁྱིམ་དང་ཉི་ར་གཉིས་སུ་བགོས་ཏེ། མ་ཁྱིམ་ལ་ཀ་བ༡༢ཡིན་ན་ཉི་ར་ལ་ཀ་བ༡༨ལྟ་བུ།

མ་ཁང་ཀ་བ༤༠ལ་མཆོད་ཁང་ཀ་བ༡༦བསྣན་པའི་ཁྱོན་ཀ་བ༥༦ཞིག་ཡིན་ན། མ་ཁང་གི་ཤར་ནས་ནུབ་ཀྱི་ཞེང་ལ་ཀ་བ༨བྱས་ན་ལྷོ་ནས་བྱང་གི་དཀྱུས་ལ་ཀ་བ༥། མཆོད་ཁང་གི་ཞེང་དང་དཀྱུས་ལ་ཀ་བ༤རེ་བྱས་པ་དང་། མ་ཁྱིམ་ཀ་བ༡༨ལ་ཉི་ར་ཀ་བ༢༢ལས་གྲུབ་པ་ལྟ་བུའོ།།