国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས།

( པར་ངོས་དང་པོར་མཐུད།)

ཚང་འཛོམས་གྲོས་ཚོགས་ཐོག《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་བ་དང་རིག་གནས་ཡུལ་སྐོར་ལས་རིགས་སྟོབས་ཆེར་གཏོང་བའི་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། ཝང་ཞའོ་ཧུའེ་ཡིས《ཆོད་དོན(གྲོས་བསྡུར་མ་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་སུ་གསལ་བཤད་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཀྱིས་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ་ནས་བཟུང་། རྙོག་འཛིང་དང་ཛ་དྲག་ཆེ་བའི་སྤྱི་ཁོག་གནས་བབ་ཀྱི་མདུན་དུ་ཞིང་ཆེན་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་སློབ་སྦྱོང་དང་སློབ་གསོ་ལག་ལེན་ཏན་ཏིག་བསྟར་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོས་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བསམ་གཞི་རྒྱུན་འཁྱོངས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དོན་ཐོག་འཁྱོལ་བ་དང་ཞིང་ཆེན་ཏང་ཨུའི་འཕེལ་རྒྱས་འཐབ་ཇུས་ལག་ལེན་བསྟར་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ།བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བ་དང་། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འགྲན་ཞིང་འཛུགས་སྐྲུན་བྱས་པ། ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་སྤུས་གསར་འཕེལ་རྒྱས་བཏང་བ། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བློ་བརྟན་འགྱུར་མེད་ངང་བསྐུལ་བ། བྱེད་ཐབས་སྣ་མང་སྤྱད་ནས་དཔལ་འབྱོར་བསྐྱར་འཕེལ་ལེགས་ཕྱོགས་སུ་འགྲོ་བར་བསྐུལ་བ། ཆུ་ཚད་མཐོ་བའི་སྒོ་འབྱེད་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ། བློ་གཅིག་སེམས་གཅིག་གིས་དམངས་ཀྱི་འཚོ་བར་འགན་སྲུང་དང་ལེགས་བཅོས་བྱས་པ།དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ། དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཡག་པོ་བསྒྲུབས་པ། གནོད་འགོག་གནོད་སེལ་དང་ཉེན་མེད་ཐོན་སྐྱེད་ཀྱི་ལས་དོན་ཟམ་མི་ཆད་པར་དམ་འཛིན་བྱས་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་ཟབ་ཏུ་བཏང་བ་སོགས་བྱ་གཞག་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།

ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ལ་སྐུལ་འདེད་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རིག་གནས་སྟོབས་ཆེན་དང་ཡུལ་སྐོར་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་དམིགས་ནས་སྤེལ་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་རིག་གནས་ཀྱི་ཡིད་རྟོན་ཆེ་རུ་གཏོང་བ་དང་།མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་ཞབས་འདེགས་ཞུ་བ། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བར་དམིགས་ནས་བསམ་བློ་གསར་པ་དང་ལྟ་ཚུལ་གསར་པ།ཆོད་གཏམ་གསར་པ་རབ་དང་རིམ་པ་བཏོན་པ་དང་།རིག་གནས་ལ་བརྟེན་ནས་ཡུལ་སྐོར་སྤེལ་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ་རྒྱུན་འཁྱོངས་པའི་ནན་གསུང་གནང་བ་དང་།རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་ཏེ་ཀ་ཆེན་ཐོན་ལས་དང་།དམངས་འཚོ་ཐོན་ལས།བདེ་སྐྱིད་ཐོན་ལས་བཅས་སུ་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་རེ་བ་ཆེན་པོ་གནང་ཞིང་།མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ་པ་ཧྲུའུ་རིག་གནས་ཡུལ་སྐོར་བར་ཁྱམས་མཉམ་སྐྲུན་གྱི་ལས་འགན་གལ་ཆེན་སྤྲད་པ་དང་།ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་མཛེས་སྡུག་དང་མི་རིག་གི་སྣང་ཚུལ་སྣ་ཚོགས་གང་ལེགས་མངོན་པར་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོའི་སི་ཁྲོན་གྱི་ལེའུ་འབྲི་དགོས་པའི་བླང་བྱ་བཏོན་གནང་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཏེ།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏང་རྒྱུ་དེ་སི་ཁྲོན་བཅོས་སྐྱོང་དང་དར་རྒྱས་གཏོང་བའི་ལས་ཀ་གཙོ་བོར་བཟུང་ནས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ལེགས་ཆར་མགྱོགས་མྱུར་བསྒྱུར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་གསར་པ་འབྲི་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས།

ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན།སི་ཁྲོན་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བར་སྐུལ་འདེད་གཏོང་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ།ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་ལེན་གྱི་འཕེལ་ཁ་དར་ས་གསར་པ་འཛུགས་སྐྱོང་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ཏེ།སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་མདུན་སྐྱོད་ཁ་ཕྱོགས་བརྟན་པོར་ངེས་ཏེ་སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་རྒྱུ་དང་།སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་པ།རིག་གནས་བླ་སྲོག་དང་ཡུལ་སྐོར་གཟུགས་སུ་བྱེད་པ།ཚན་རྩལ་ནུས་སྤེལ་དང་སྲུང་སྐྱོབ་སྔོན་འཛིན་མཐའ་འཁྱོངས་ནས་རིག་གནས་ཡུལ་སྐོར་ལས་རིགས་སྟོབས་ཆེར་གཏོང་གང་ཐུབ་བྱས་ཏེ“རིག་གནས་ཡུལ་སྐོར་ལས་རིགས་སྣ་ཚོགས་དང་མཉམ་འབྲེལ”དང“ལས་རིགས་སྣ་ཚོགས་ལས་རིག་གནས་ཡུལ་སྐོར་དང་མཉམ་འབྲེལ”བྱེད་པ་ཟབ་ཏུ་བཏང་བ།ནུས་ཚད་མཐོ་བའི་བྱེད་པོ་གསོ་སྐྱོང་དང་སྤུས་ཚད་མཐོ་བའི་ཐོན་རྫས་མཁོ་སྤྲོད་འབུར་ཐོན་བྱས་ནས་ཚོང་རྟགས་དང་ལས་རིགས།ཞབས་ཞུ།སྒྲིག་སྲོལ་དང་ལམ་སྲོལ་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ།ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་པ་ཧྲུའུ་ཡི་ཡིད་དབང་འཕྲོག་ཤུགས་མངོན་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཧུར་ཐག་གཏོད་དགོས།

ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། སི་ཁྲོན་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་ཏེ། 2027ལོར་སླེབས་སྐབས། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་སྔར་བས་ལེགས་སུ་བཏང་སྟེ། འགྲན་རྩོད་ནུས་པ་དང་སྒུལ་ཤུགས་ཆེ་བའི་རིག་གནས་ཡུལ་སྐོར་འབྲེལ་ཐག་ཁེ་ལས་གཙོ་བོ་ཁག་གཅིག་གསོ་སྐྱོང་བྱས་ཏེ། སི་ཁྲོན་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ལས་རྣམ་ཁག་གཅིག་ཆགས་པ་དང་། རིག་གནས་དང་འབྲེལ་ཡོད་ཐོན་ལས་ཀྱི་འཕར་སྣོན་རིན་ཐང་། ཡུལ་སྐོར་འགྲོ་སོང་སོ་སོ་སྒོར་དུང་ཕྱུར3800དང་དུང་ཕྱུར་ཁྲི2ཡས་མས་སླེབས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་དེ་འཐབ་ཇུས་རང་བཞིན་གྱི་ཀ་ཆེན་ཐོན་ལས་སུ་མགྱོགས་མྱུར་བསྒྱུར་དགོས། 2030ལོར་སླེབས་སྐབས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་བ་དང་། པ་ཧྲུའུ་རིག་གནས་ཀྱི་ཤུགས་རྐྱེན་དང་སི་ཁྲོན་ཡུལ་སྐོར་གྱི་ཡིད་དབང་འགུག་ཤུགས། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་བཅས་མངོན་གསལ་དོད་པོས་འཕེལ་ཏེ། རིག་གནས་སྟོབས་ལྡན་ཞིང་ཆེན་དང་ཡུལ་སྐོར་སྟོབས་ལྡན་ཞིང་ཆེན་གྱི་འཛུགས་སྐྲུན་ཚད་ངེས་ཅན་ཞིག་ལ་བསླེབ་རྒྱུ་རེད།

ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཤུགས་ཡོད་རྒུས“མཛེས་སྡུག་གི་ཁྲེང་ཏུའུ།བདེ་སྐྱིད་ཀྱི་སི་ཁྲོན”གྱི་རིག་གནས་ཡུལ་སྐོར་ཟོང་རྟགས་གཏོད་དགོས། འཛམ་གླིང་རིམ་པའི་རིག་གནས་ཡུལ་སྐོར་གྱི་ས་རྟགས་འཛུགས་སྐྲུན་དང་། མཚོན་རྟགས་རང་བཞིན་གྱི་ཟོང་རྟགས་རྒྱལ་སྤྱིའི་ཤུགས་རྐྱེན་རྒྱ་ཆེར་གཏོང་བ། འཛམ་གླིང་རིམ་པའི་རིག་གནས་ཡུལ་སྐོར་གྱི་མཛེས་ལྗོངས་ལམ་བུ་བསྐྲུན་པ། འཛམ་གླིང་གི་ཡིད་དབང་འགུག་པའི་སྤུས་ལེགས་ལམ་ཐིག་བསྐྲུན་པ། ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་མིང་བྱང་བཟོ་བ་དང་། ཐེན་ཧྥུའུ་རིག་རྩལ་བརྩམས་ཆོས་གྲགས་ཅན་གྱི་མཐོ་རིམ་འཆར་གཞི་ལག་ལེན་བསྟར་ནས་རིག་གནས་ཡུལ་སྐོར་གྲགས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་། པ་ཧྲུའུ་ཡི་མི་གྲགས་རིག་གནས་ཡུལ་སྐོར་ཟོང་རྟགས་ཇེ་གྲགས་གཏོང་བ། “སི་ཁྲོན་ཡིག་རྟགས”ཀྱི་རིག་གནས་ཡུལ་སྐོར་མིང་བྱང་གཏོད་པ། པ་ཧྲུའུ་རིག་གནས་ཡུལ་སྐོར་འཛམ་གླིང་ལ་ཁྱབ་བསྒྲགས་ཀྱི་འཆར་གཞི་ལག་ལེན་བསྟར་བ་དང་། སི་ཁྲོན་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་སྟེགས་བུ་བསྐྲུན་ཏེ། རིག་གནས་སྤེལ་རེས་དང་ཡུལ་སྐོར་ངོ་སྤྲོད་སོགས་ཀྱི་ནུས་པ་ཆེ་རུ་གཏང་བ་དང་། སྨྱན་སྦྱོར་གསར་པའི་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སི་ཁྲོན་རིག་གནས་ཡུལ་སྐོར་གྱི་ཟོང་རྟགས་ཇེ་གྲགས་སུ་གཏང་དགོས།

ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། རིག་གནས་ཡུལ་སྐོར་ཐོན་ལས་ས་ཁོངས་ཡོངས་དང་ལས་རིགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་བ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རིག་གནས་བཤམས་སྟོན་ཡུལ་སྐོར་འཕེལ་རྒྱས་གཏང་རྒྱུར་སྐུལ་བ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་གསོན་འགྱུར་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གནས་བཤམས་སྟོན་ཁང་བསྒྱུར་བཀོད་མཐོར་འདེགས་དང་ནང་དོན་འཛུགས་སྐྲུན་བྱེད་པར་སྐུལ་བ། གཙོ་དོན་རིག་གནས་ཡུལ་སྐོར་དང་། གཏིང་ཟབ་ཀྱི་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་དང་ཚན་རིག་ཁྱབ་གདལ་ཡུལ་སྐོར་བཅས་འཕེལ་རྒྱས་གཏང་དགོས། གསར་བརྗེའི་ཡུལ་སྐོར་སྤུས་ལེགས་རིམ་སྤར་ལ་སྐུལ་བ་དང་། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་བ། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང(སི་ཁྲོན་མཚམས)འཛུགས་སྐྲུན་ལ་སྐུལ་བ། གསར་བརྗེའི་ཡུལ་སྐོར་ཉམས་ལེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། གསར་བརྗེའི་ཡུལ་སྐོར་དང་གྲོང་སྡེའི་ཡུལ་སྐོར། སྐྱེ་ཁམས་ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་དགོས། འཁྲབ་སྟོན་འགྲན་བསྡུར་ཐོན་ལས་འཕེལ་རྒྱས་དར་ས་གསར་པ་བསྐྲུན་ནས་ཆུ་ཚད་མཐོན་པོའི་འཁྲབ་སྟོན་འགྲན་བསྡུར་བྱེད་སྒོ་ནང་འདྲེན་དང་། རང་ཡུལ་གྱི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་འགྲན་བསྡུར་འཕེལ་རྒྱས་གཏོང་བ། འཁྲབ་སྟོན་འགྲན་བསྡུར་ལས་སྟེགས་ཀྱི་གཞི་རྟེན་ལེགས་སུ་གཏོང་བ། “འཁྲབ་སྟོན(གློག་བརྙན་དང་བརྙན་འཕྲིན། འགྲན་བསྡུར)བྱེད་ཞོར་ཡུལ་སྐོར་འགྲོ”ཁྱབ་གདལ་གཏོང་བ། སྐྱེ་ཁམས་བདེ་གསོའི་སྤྲོ་གསེང་གནས་མཆོག་འཛུགས་སྐྲུན་དང་། ཁྱད་ཆོས་ལྡན་པའི་བདེ་གསོ་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྐྱེ་ཁམས་ལྟ་སྐོར་ཡུལ་སྐོར་འཕེལ་རྒྱས་གཏོང་བ། སྤུས་ལེགས་ཡུལ་སྐོར་སྤྲོ་གསེང་ཁུལ་ཁག་གཅིག་འཛུགས་སྐྲུན་བཅས་བྱ་དགོས། ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུར་སྐུལ་བ་དང་། གྲོང་སྡེ་ལྗོངས་ཁུལ་ཅན་གྱི་ཆུ་ཚད་གོ་རིམ་ལྡན་པའི་སྒོ་ནས་མཐོ་རུ་གཏོང་བ། གྲོང་སྡེའི་རིག་གནས་ཡུལ་སྐོར་ལས་རིགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གྲོང་སྡེའི་རིག་གནས་ཡུལ་སྐོར་ཁྱད་ལྡན་ཐོན་རྫས་གསར་སྤེལ་བཅས་བྱ་དགོས།

ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། རིག་གནས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་དང་འཛད་སྤྱོད་ཉམས་ལེན་མཐོ་རུ་གཏང་དགོས། སྐྱིད་པོ་སྟབས་བདེའི་རིག་གནས་ཡུལ་སྐོར་སྒྲིག་བཀོད་མ་ལག་འཛུགས་པ་དང་། ཡུལ་སྐོར་ལྗོངས་ཁུལ་གྱི་རྨང་གཞི་སྟོབས་ཆེར་གཏོང་བའི་བྱ་སྤྱོད་ལག་ལེན་བསྟར་ཏེ། “ཡུལ་སྐོར་འགྲོ་བདེ་ལ་ཁོམ་ཁོམ་ངང་ལྟ་ཆོག་པའི”འགྲིམ་འགྲུལ་དྲྭ་རྒྱ་འཐུས་ཚང་དུ་གཏོང་བ་དང་། ཡུལ་སྐོར་ཞག་སྡོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཡུལ་སྐོར་བ་གཙོ་བོར་བྱས་པའི་རིག་གནས་ཡུལ་སྐོར་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། གནད་འཁེལ་ཞིབ་ཕྲ་དང་ཚོར་མྱོང་ཐུབ་པར་དམིགས་ཏེ། རིག་གནས་ཡུལ་སྐོར་ཞབས་ཞུ་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ནང་རྒྱལ་དུ་ཡོང་བའི་ཡུལ་སྐོར་སྟབས་བདེ་ཅན་གྱི་བྱེད་ཐབས་ལེགས་སུ་གཏོང་བ། རིག་གནས་ཡུལ་སྐོར་ཁྲོམ་ར་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་པ། རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་སྣ་མང་མཁོ་སྤྲོད་ལ་ཤུགས་སྣོན་པ། རིག་གནས་དང་ལུས་རྩལ། ཡུལ་སྐོར། ཚོང་ལས། འགྲེམས་སྟོན་བཅས་མཐུན་སྦྱོར་མཉམ་འགུལ་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་བ། རྒྱལ་ཁབ་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་དཔེ་སྟོན(ཚོད་ལྟ)གྲོང་ཁྱེར་ཡག་པོ་འཛུགས་པ། འཛད་སྤྱོད་རྣམ་པ་གསར་པ200སྐྱེད་སྲིང་བྱས་ཏེ། སྤུས་ཚད་མཐོན་པོས་ནུབ་རྒྱུད་བཤམས་སྟོན་འདུ་ཚོགས་དང་། དོམ་ཁྲའི་འཛད་སྤྱོད་དུས་ཆེན། མངར་ཆང་འདུ་ཚོགས། ཆང་འགྲེམས་འདུ་ཚོགས་བཅས་གཉེར་བ་དང་། ཤུགས་ཆེན་བཏོན་ནས་ཐོག་མའི་དཔལ་འབྱོར་དང་། གུང་གསེང་དཔལ་འབྱོར། ཚོགས་འགྲེམས་དཔལ་འབྱོར། མཚན་མོའི་དཔལ་འབྱོར། དམའ་མཐོངས་དཔལ་འབྱོར། པ་སེའི་དཔལ་འབྱོར་བཅས་འཕེལ་རྒྱས་བཏང་སྟེ། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་རྣམ་པ་དང་སྤུས་ཚད། མིའི་རྣམ་པ་བཅས་གཏོད་དགོས།

ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་གཙོ་གནད་སྒྱུར་བཅོས་གཏིང་ཟབ་ཏུ་གཏང་དགོས། རིག་གནས་ཡུལ་སྐོར་གཉེར་སྐྱོང་བྱེད་པོ་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་དང་། གཙོ་གནད་ཀྱི་རྐང་འཛིན་རིག་གནས་ཡུལ་སྐོར་ཁེ་ལས་སྟོབས་ཆེར་གཏོང་བ། རིག་གནས་ཡུལ་སྐོར་གཉེར་སྐྱོང་ཁེ་ལས་སྣེ་ཁྲིད་དང་གསོ་སྐྱོང་མགྱོགས་སུ་གཏོང་བ། རིག་གནས་ཡུལ་སྐོར་ཁེ་ལས་ཆུང་འབྲིང་རིམ་པ་བཞིན་གསོ་སྐྱོང་བཅས་བྱས་ཏེ། རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་ཚེ་སྲོག་ཧྲིལ་པོའི་འཁོར་ཡུན་ཞབས་ཞུའི་མ་ལག་འཛུགས་དགོས། རིག་གནས་བྱ་གཞག་སྡེ་ཚན་དང་རྒྱལ་དབང་ལྗོངས་ཁུལ་གྱི་དོ་དམ་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རིགས་དབྱེ་བརྟན་པོས་རིག་གནས་བྱ་གཞག་སྡེ་ཚན་ནང་ཁུལ་གྱི་བསྒྱུར་བཅོས་གཏིང་ཟབ་བྱེད་པར་སྐུལ་བ་དང་། རིག་རྩལ་ཚོགས་པའི་འཁྲབ་སྟོན་གསར་གཏོད་ཀྱི་སྤུས་ཚད་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་དབང་ལྗོངས་ཁུལ་གྱི་གཉེར་སྐྱོང་དོ་དམ་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏང་དགོས། རིག་གནས་དང་ཚན་རྩལ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཚོད་ལྟའི་ཁུལ་འཚོལ་ཞིབ་འཛུགས་སྐྲུན་དང་། གློག་བརྙན་བརྙན་འཕྲིན་དང་འགུལ་རིས།རོལ་རྩེད་གློག་འགྲན། གྲངས་འཛིན་གསར་གཏོད། དྲྭ་ཐོག་ལྟ་ཉན། དྭངས་གསལ་ཆེ་བའི་བརྙན་ལམ། ཚན་རྟོག་སོགས་གཙོ་གནད་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། རིག་གནས་དན་གྲངས་ཆེན་པོའི་མ་ལག་དང་ནུས་མཐོའི་གསར་གཏོད་སྟེགས་བུ་མགྱོགས་མྱུར་བསྐྲུན་ཏེ། རྒྱལ་ཡོངས་ཀྱི་ཤུགས་རྐྱེན་དང་སྒུལ་ཤུགས་ལྡན་པའི་ཐོན་ལས་ཁྱུ་ཚོགས་ཁག་གཅིག་གསོ་སྐྱོང་ཡོང་བ་བྱ་དགོས། རིག་གནས་ཡུལ་སྐོར་མཉམ་འདྲེས་ཐོན་ཁུངས་རྒྱུ་རྐྱེན་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། ནོར་སྲིད་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གནས་ཡུལ་སྐོར་གྱི་ས་སྤྱོད་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བྱང་ཚད་མཐོ་བའི་རིག་གནས་ཡུལ་སྐོར་ཤེས་ལྡན་མི་སྣའི་དཔུང་ཁག་གཟུག་དགོས། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཏང་གིས་རིག་གནས་དང་ཡུལ་སྐོར་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་པ། རིག་གནས་ཡུལ་སྐོར་ལས་གཞི་གཙོ་གནད་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རིམ་པ་ཁག་གི་ཏང་ཨུའི(ཏང་ཚན་ཁག)འགན་འཁྲི་དམ་ནན་བྱས་ཏེ་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏང་དགོས།

ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན།ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་བསྟར་རྒྱུ་ནི་ད་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་ཞིང་། ཏང་ཨུ་རིམ་པ་ཁག(ཏང་ཚན་ཁག)གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་བའི་དོན་སྙིང་གལ་ཆེན་དང་།མཛུབ་ཁྲིད་བསམ་བློ།སྤྱིའི་དམིགས་ཚད།གཙོ་གནད་ལས་འགན་བཅས་ཁོང་དུ་ཆུད་པ་དང་།སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱེད་ཐབས་ཞིབ་ཕྲ་བྱས་ཏེ།ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གནད་ལ་འཁེལ་བར་སྐུལ་བ་དང་ཕན་འབྲས་དངོས་ཐོན་པར་བྱ་དགོས། རིག་གནས་ཡུལ་སྐོར་ཐོན་ལས་རྒྱ་ཆེ་རུ་གཏོང་བ་དང་།ལས་རིགས་འཕེལ་རྒྱས་སྣ་མང་ཅན་དང་།ཐོན་རྫས་མཁོ་སྤྲོད་དེ་བས་སྤུས་ལེགས་ཅན།སྤུས་རྟགས་གསར་གཏོད་མ་ལག་ཅན།རིག་གནས་ཡུལ་སྐོར་ཁེ་ལས་སྟོབས་ཆེར་གཏོང་བ་བཅས་ལ་སྐུལ་དགོས། པ་ཧྲུའུ་རིག་གནས་གཙོ་བོར་དར་སྤེལ་བཏང་ནས་ཆུ་ཚད་མཐོ་བའི་རིག་རྩལ་སྤུས་ལེགས་གསར་རྩོམ་སྤེལ་བ་དང་།རིག་གནས་ཤུལ་བཞག་དང་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་སྤུས་ཚད་མཐོན་པོས་དམ་འཛིན་ཡག་པོ་བྱས་ཏེ་ཚད་གཞི་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་འགྲེམ་སྟོན་བྱེད་པའི་སྟེགས་བུ་སྐྲུན་དགོས། རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ལེགས་སུ་བཏང་ནས་འཛམ་གླིང་གི་རིག་གནས་ཡུལ་སྐོར་གྲགས་ཅན་གྲོང་ཁྱེར་དང་།རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར།ས་ཁོངས་ཡུལ་སྐོར་ལྟེ་གནས་གྲོང་ཁྱེར།ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྲོང་ཁྱེར།ཐེན་ཧྥུའུ་ཡུལ་སྐོར་གྱི་རྫོང་གྲགས་ཅན་དང་གྲོང་རྡལ་གྲགས་ཅན།གྲོང་སྡེ་གྲགས་ཅན་བཅས་གཞི་རྟེན་དུ་བྱས་པའི་ཁྱད་པར་ཅན་གྱི་ས་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་ཆགས་དགོས། ཁྲུང་ཆིང་དང་པ་ཧྲུའུ་རིག་གནས་ཡུལ་སྐོར་བར་ཁྱམས་མཉམ་སྐྲུན་བྱས་ཏེ་རྒྱལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་མཐུན་སྦྱོར་འཕེལ་རྒྱས་ཀྱི་མདུན་གྲལ་དུ་བསྐྱོད་པར་འབད་བརྩོན་བྱ་དགོས། རིག་གནས་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་དེ་ལས་ཀའི་ཚད་འཇལ་གྱི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་འགྲིམ་འགྲུལ་ཁོར་ཡུག་ལེགས་སྒྱུར་ཤུགས་ཆེན་དང་།བློ་གཅིག་སེམས་གཅིག་གིས་ཞབས་ཞུའི་ཁོར་ཡུག་ལེགས་སུ་གཏོང་བ།ཁྲིམས་སྐྱོང་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས་ཡུལ་སྐོར་བ་སེམས་འགུལ་བའི་ངང་ནས་སླེབས་པ་དང་བློ་ཡིད་ཚིམ་པའི་སྒོ་ནས་ཕྱིར་ལོག་པར་བྱ་དགོས།

ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན།

ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལག་ལེན་བསྟར་བ་དང་།ད་སྔའི་ལས་དོན་ལེགས་པར་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱ་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་གཏིང་ཤུགས་རྒྱུན་འཁྱོངས་དང་ཡིད་ཆེས་བརྟན་པོ་བྱས་ཏེ།སྲིད་ཇུས་ཀྱི་སྐར་ཁུང་གོ་སྐབས་དང་ལོ་སྨད་ཀྱི་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ།འཛད་སྤྱོད་ལ་སྐུལ་བའི་ཕན་ཡོད་ཀྱི་གོ་སྐབས་འཛིན་ཏེ།མྱུར་ཚད་མདུན་དུ་སྤེལ་བ་དང་ལས་ཀ་སྔོན་དུ་སྤེལ་གང་ཐུབ་བྱས་ཏེ།

ཐབས་བརྒྱ་ཇུས་སྟོང་གིས་ནང་མཁོ་རྒྱ་ཆེར་གཏོང་བ་དང་། ཐོན་ལས་ཀྱི་འདེགས་སྐྱོར་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་དངུལ་ཤུགས་ཡོད་རྒུས་བརྟན་པོ་ཡོང་བ་བྱས་པ།དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་མཐིལ་ཚད་མཐའ་གཅིག་ཏུ་སྲུང་བ། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱ་དགོས།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བའི་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་སྤེལ་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་མགྱོགས་མྱུར་བསྐུལ་ནས་སྔར་ལས་འབད་བརྩོན་ནུས་ལྡན་གྱིས་བྱ་གཞག་ལས་གཏོད་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།

ཚང་འཛོམས་གྲོས་ཚོགས་སུ་ཀུའུ་ཀྲེང་ཅུའུ་དང་ཝང་ཧྲན་ཕིང་གི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་སྐོར་གྱི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་དང་གྲོས་འཆམ་བྱས་པ་དང་།ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དེ་སྔོན་ཀུའུ་ཀྲེང་ཅུའུ་དང་ཝང་ཧྲན་ཕིང་ཏང་ཁོངས་ནས་ཕྱིར་འབུད་བྱེད་པའི་ཆད་གཅོད་གཏན་འབེབས་བྱས་པ་རེད།

ཚང་འཛོམས་གྲོས་ཚོགས་སུ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བར་མུ་མཐུད་དུ་བསྐུལ་ནས་རིག་གནས་སྟོབས་ཆེའི་ཞིང་ཆེན་དང་།ཡུལ་སྐོར་སྟོབས་ཆེའི་ཞིང་ཆེན་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་ལེའུ་གསར་པ་འབྲི་ཆེད་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།།

(འདི་གའི་རྩོམ་སྒྲིག་པས་བསྒྱུར།)