国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བདག་གི་སྙིང་ཉེ་བའི་ཡི་གེ་འདི་ཚོ་། ང་ཡི་གཏན་གྱི་འདུག་རོགས་ཡིན་།

སུས་ཀྱང་མཚོན་ཐུབ་མེད་ཅིང་།

སུས་ཀྱང་སྒྲུབ་ཐུབ་མེད་པ་ནི།

ངའི་སེམས་ཁོང་ན་ལྷེམ་ལྷེམ་དུ་འབར་བར་བྱེད་ཅིང་།

སྐབས་རེར། ངའི་མིག་ལམ་དུ་མངོན་ཆུང་གིས་བཤམས་

ཡོད་པའི་བདག་གི་དྲན་ངོགས་ན་ལྟེམ་མེར་འཁྱིལ་བའི་

ཀ་མད་སུམ་ཅུའི་ཡི་གེ་འདི་ཚོ་ཡིན།

འདི་དག་རེ་རེ་ནི། ངའི་ནར་སོན་གྱི་ལོ་ཟླའི་ཁྲོད།

ང་ལ་མིག་གིས་འཚོས་ཏེ་སེམས་ཀྱིས་གཅེས་མྱོང་

ཟེར་ནའང་ཆོག་ལ།

རེ་བས་བསྐུལ་ཏེ་སློབ་གསོས་བསྐྱངས་ཡོང་ཟེར་

ནའང་ཆོག།

གང་ལྟར། ངའི་ནར་མ་སོན་པའི་བསམ་བློ་ངན་པ་དང་།

བསམ་བློ་ངན་པས་བསླངས་པའི་བྱ་སྤྱོད་ངན་པ་རེ་རེ་ལ།

ཡི་གེ་འདི་ཚོས། བཅོས་བསྒྱུར་དང་མཛུབ་སྟོན་གནང་

སྟེ་ཡོང་མྱོང་སྟབས།

ངས་འདི་ཚོ་ལ། བློ་ཉེ་ཉེ་དང་སེམས་དུངས་དུངས་

ལོས་བྱེད།

ང་དགའ་དུས་དགའ་བའི་སེམས་ཚོར་འབྲི་སྤྱད་ཡི་གེ་

འདི་ཚོ་ཡིན་ཏེ།

ང་སྐྱོ་དུས་སྡུག་གི་མཚོ་མོ་བྱོ་སའང་ཡི་གེ་འདི་ཚོ་ལས་མེད།

ངས་ཕོ་ལོ་ཉི་ཤུའི་རིང་གི་དགའ་སྐྱོ་ཆགས་སྡང་གི་

སྐྱོ་གར་བཤད་ས་ཡི་གེ་འདི་དག་ཡིན།

ངས་རང་གི་ངག་གིས་མི་འཁྲོལ་བ་དང་། སྐད་ཆས་

བརྗོད་དུ་མེད་པའི་སེམས་ཚོར་དག།

ཡི་གེ་འདི་ཚོ་ཁོ་ནས་བྲིས་ཏེ་ཡོང་བ་ཡིན་པས། ང་དེ་

ཚོ་ལ་བརྩེ་འདང་ལོས་ཆེ།

སྐབས་ལན་རེར། ང་རང་གི་དྲིན་ཆེ་བའི་ཕ་མ་གཉིས་དང་།

ཞེ་མཐུན་པའི་གྲོགས་པོ་ལའང་བཤད་མི་བཏུབ་པའི་

གསང་གཏམ་ཡོད་ཚད།

ངའི་སྙིང་ཉེ་བའི་ཡེ་གེ་འདི་ཚོས། ཁ་རོག་གེར་བྲིས་ཏེ།

ཁ་རོག་གེར། སྐད་ངག་དམའ་མོས་བཀླགས་ཏེ་

སེམས་ངལ་གསོས་པ་ཡིན།

དེའི་བརྗོད་བྱའི་ནང་དོན་ཧ་ཅང་ངོ་མཚར་བའི་གཏམ་

རྒྱུད་མང་པོ་ཞིག་ཡིན་ཏེ།

དེ་དག་ནི། ང་དང་ཡི་གེའི་ཚོགས་པའི་གསང་གཏམ་

འབའ་ཞིག་ཡིན་པས།

ཁྱེད་ཚོར་གང་འདོད་ཀྱིས་བཤད་ན་ག་ལ་ཆོག་ཨང་།

ཡི་གེ་འདི་ཚོ་ནི།

ངས་ཆེས་བརྗེད་དཀའ་བའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་

ཏུ་བསྒོམས་ཡོད་པས།

ང་ལ་འདི་ཚོ་ལས་ལྷག་པའི་ཡིད་རྟོན་རུང་བའི་གྲོགས་

པོ་ཞིག་གང་ན་ཡོད་སྲིད།

དོན་དམ་པར། ང་ལ་འདི་ཚོ་ལས་ཡན་གི།

གསང་བ་བཤད་ས་ཞིག་དང་། སྐྱིད་སྡུག་གླེང་ས་ཞིག་

མེད་པ་འདྲ།

འདི་ཚོ་ནི་ངའི་ཕ་མའི་ཚབ་ཉན་ལ།

ངའི་གློ་སྙིང་མཆིན་གསུམ་དང་།

དཔྲལ་བའི་མིག་གམ། ཁོག་གི་སྙིང་ལས་ཀྱང་གལ་ཆེ་

བར་བསམས་ཡོད།

ཁྱེད་ཚོའི་བཀའ་དྲིན་གྱིས། ངས་སྔོན་བྱོན་གྱི་སྐྱེས་ཆེན་

དམ་པ་རྣམས་ནི།

བོད་མི་རིགས་འདིའི་སྒལ་ཚིགས་ཀྱི་ཀ་བ་རེ་རེ་ཡིན་པ་དང་།

འོ་མ་ལྟ་བུའི་གསུང་གི་མན་ངག་རེ་རེ་ཡིས།

ང་ཚོ་ནི་གོག་ནས་མི་འགྲོ་བར་འགྲེངས་ནས་འགྲོ་ཐུབ་

མཁན་གྱི།

མི་རིགས་སྒལ་ཚིགས་ཅན་ཞིག་ཡིན་པར་ཡང་ར་སྤྲོད་

བྱས་སོང་།

ལོ་ཟླ་འདི་དག་གི་རིང་ལ། ང་ཡི་ལས་དབང་ནི་ཡི་གེ་

འདི་ཚོར་བཅོལ་ཏེ།

ཡི་གེ་འདི་དག་ལ་ངས་ཅི་ཐུབ་ཀྱིས་བདག་པོ་བརྒྱབ་སྟེ།

དགའ་དད་ཀྱིས་ནོར་བུ་ལ་བརྩིས་ཡོང་བའི་ལོ་ཟླ་རེ་

རེའི་ཁུགས་སོ་ན།

གསེར་དངུལ་སྟོང་གིས་མི་ཁུག་པའི་ང་དང་ངའི་ཡི་གེ་

འདི་ཚོའི།

ཞེ་སྨྲང་བའི་གཏམ་རྒྱུད་སྙིང་རྗེ་མོ་རེ་མངོན་ཆུང་གིས་

སྐོང་ཡོད་ངེས།

ངས་ཡི་གེ་འདི་ཚོས། གཏམ་རྒྱུད་ཅི་རིགས་ཤིག་བྲིས་མྱོང་སྟེ།

ཡབ་ཆེན་གྱི་གཞལ་མི་ཐུབ་པའི་བློ་ཁོག་དང་།

ཡུམ་ཆེན་གྱི་རྒྱུན་རིང་བའི་བརྩེ་བའི་མིག་ཆུ།

སློབ་དཔོན་གྱི་བཀའ་དྲིན་ནམ། གྲོགས་པོ་ཚོའི་

མཛའ་བརྩེའི་ཕྱི་ཐག།

ཡང་ན། སྙིང་སྡུག་སེམས་ཀྱི་འཁྲི་ཤིང་ལ་དགའ་རབས་དང་།

ད་དུང་། སྐབས་བསྟུན་གྱི་ཚོར་བ་མི་འདྲ་བ་ཇི་སྙེད་ཅིག།

ཡི་གེ་འདི་ཚོའི་ཕྲེང་ཐག་ལ་བརྒྱུས་པ་ཡིན་པས།

ང་དེ་ཚོ་ལ་ཤ་ཞེན་ལོས་ཆེ།

སྐྱེ་བ་འདིར། ང་རང་ཡི་གེ་འདི་དག་ལ་འཕྲད་པ་ནི་

ཅི་འདྲའི་བསོད་ནམས་ཆེ་ཨང་།

ངས་ཀ་མད་སུམ་ཅུ་ངག་ལ་གྱེར་ཏེ་དབྱངས་གསལ་སོ་

བཞི་གླུ་རུ་བླངས་ཐུབ་པ་ནི།

འཇིག་རྟེན་འདིར། མི་ལུས་བླངས་པའི་སྙིང་པོ་དང་མི་

ཚེ་འདིའི་ཚེ་ནོམ་དུ་བསྒོམས་ཡོད།

ད་དུང་། ཚེ་རབས་འཕྲེང་རྒྱུད་དུ་དབྱངས་གསལ་

སོ་བཞིའི་ལས་དབང་ལ།

དཔུང་པ་མཉམ་གཤིབ་བྱེད་པའི་དམ་བཅའ་ཞིག་

ཀྱང་བཞག་ཡོད།

༡༠

ཡི་གེ་འདི་ཚོས་ཅི་ཞིག་འབྲི་ཆོག་ལ། གང་ཞིག་གླེང་

ཡང་ཆོག་སྟེ།

སྦྱང་སླ་བའི་ཁྱེད་ཚོ། དོན་ཆེ་བའི་ཁྱེད་ཚོ།

ང་ཚོ་ལ་ཅི་འདྲའི་མཁོ་ཞིང་། ཅི་འདྲའི་བཀའ་དྲིན་ཆེ་

བ་ལ་ཨང་།

༡༡

ཡིན་ནའང་། ཡིད་སྐྱོ་བ་ཞིག་ལ།

ད་ནི་ཁྱེད་ཚོའི་འོད་ཟེར་སྟོང་ལྡན་གྱི་བཀྲག་མདངས་ལ།

གཟི་འོད་སྣོན་མཁན་ཇེ་ཉུང་དང་།

ཁྱེད་ཚོའི་དོན་ཆེ་བའི་ཡི་གེའི་ཚོགས་པ་དེ་ཚོའི།

རིན་ཐང་རྟོགས་མཁན་ཇེ་ཉུང་དུ་ཕྱིན་པ་ནི།

ཨ་ཤུ་རེ་ཁོ། ཅི་འདྲའི་ཡིད་སྐྱོ་བའི་གནས་ཚུལ་ཞིག།

ཅི་འདྲའི་ཞེ་མེར་བའི་ཐན་ལྟས་ཤིག་མ་ཡིན་ནམ།

ངའི་སྙིང་ཉེ་བའི་ཡི་གེ་འདི་ཚོ། སུ་ཞིག་གིས་བདག་པོ་

རྒྱག་ཐུབ།

བོད་སྐད་ཡིག་གི་ཁྲག་རྒྱུན་འཁུར་བའི་བརྒྱུད་འཛིན་པ་ཚོ།

ད་ནི་ང་ཚོས། ཅི་ནུས་ཀྱིས་ཀློག་པ་པོ་གཅིག་གི་ཆེད་དུའང་།

བོད་སྐད་བཤད་དེ་བོད་ཡིག་བྲིས་ན་ལེགས།

༡༢

སྙིང་ཉེ་བའི་ཡི་གེ་འདི་ཚོ། སློབ་དཔོན་ཐོན་མིའི་ཤེས་

རབ་ལས་བརྡོལ་བ་ཡིན་ཏེ།

སྲོང་བཙན་སྒམ་པོས་ཐུགས་བསྐྱེད་སྨོན་ལམ་ལས་བྱུང་

བ་ཡིན།

མི་རིགས་ཤིག་གི་ལོ་རྒྱུས་ཀྱི་བྱུང་རིམ་ཡིག་འབྲུ་འདི་

དག་ལས་མཐོང་ཐུབ་ལ།

མི་རིགས་ཤིག་གི་དྲང་བདེན་གྱི་ལམ་བུ་ཡང་ཡི་གེ་འདི་

དག་ལས་རྟོགས་ཐུབ།

ཡི་གེ་འདི་དག་གིས་སྟོན་པ་ཤཱཀྱ་ཐུབ་པའི་བདག་བས་

གཞན་གཅེས་ཀྱི་མཛད་རྣམ་དང་།

རྗེ་བཙུན་མི་ལ་རས་པའི་སྙིང་རུས་ཆེར་བསྐྱེད་ཀྱི་དད་

པའི་སྙིང་སྟོབས་སོགས་ཀྱང་།

ཡིད་དུ་འོང་བའི་ཡི་གེ་འདི་ཚོ་ལས་གསལ་པོར་ཤེས་ཐུབ།

༡༣

མདོར་དྲིལ་ན། གཞུང་བཀའ་པོད་ལྔ་དང་གསང་

སྔགས་རྒྱུད་སྡེ་བཞི་ཟེར་ནའང་།

དོན་གྱིས་བཤད་ན་དབྱངས་གསལ་སོ་བཞིའི།

ཡི་གེའི་ཚོགས་པ་འདི་ཚོ་ལས་མ་གྲུབ་པ་ཞིག་མེད་པས།

དེ་དག་དཔྱིས་ཕྱིན་པ་ཞིག་སྦྱང་དགོས་ན།

ཐོག་མར། ང་ཚོས་དབྱངས་གསལ་གྱི་སྦྱོར་ཀློག་

འབྲི་གསུམ་ལ།

བྱང་ཆུད་པ་ཞིག་སྦྱང་དགོས་འདུག།

༡༤

ལྔ་བརྒྱ་དུས་ཀྱི་མཐའ་མ་ལའང་ཐབས་མཁས་ཐུགས་རྗེ་

ཆེན་པོ་ནི།

ཡི་གེ་འདི་དག་གི་གཟུགས་སུ་བྱོན་པའི་ལུང་བསྟན་

གནང་ཡོད་པས།

ང་ཚོས་ཡི་གེ་འདི་དག་ལ་ལྷག་བསམ་ཟོལ་མེད་ཀྱིས་

གཅེས་སྐྱོང་དང་།

བརྩེ་བ་རྣམ་དག་གིས་སྲུང་སྐྱོབ་བྱེད་ན་རེད་ཡ།

༡༥

རླབས་ཆེ་བའི་ཡི་གེ་འདི་ཚོར་སུས་ཀྱང་བསྒྲུན་དུ་མེད་ལ།

ཡི་གེ་འདི་ཚོའི་བློ་སེམས་སུས་ཀྱང་དཔག་པར་དཀའ།

ཡི་གེ་འདི་ཚོའི་ལས་དབང་རེ་རེ་ནི།

ང་ཚོ་བོད་མི་རེ་རེའི་ཤ་གསེང་ན་རྒྱུ་བའི་ཁྲག་ཐིགས་

རེ་རེ་ཡིན་པས།

ང་ཚོས་མཉམ་དུ་སྙིང་རུས་ཤིག་བསྐྱེད་པར་བྱ།

ང་ཚོས་ལྷན་དུ་འབོད་སྐུལ་རེ་གནང་ན་ལེགས།

ང་ཚོ་མི་རེ་རེས། ཀ་མད་སུམ་ཅུའི་ཡིག་འབྲུ་རེ་རེ་ལ།

གསོན་ཤུགས་རྒྱས་སུ་འཇུག་པར་སྙིང་ཕུར་བརྡབ་རན་རེད།

ང་ཚོས་བོད་སྐད་ཡིག་གི་ཡིག་འབྲུ་འདི་དག་གི་ལས་

དབང་ལ་མནོ་བསམ་གཏང་རན་འདུག།

མནོ་བསམ་གཏང་རན་འདུག།

༡༦

བདག་གི་སྙིང་ཉེ་བའི་ཡི་གེ་འདི་ཚོ། ང་ཡི་གཏན་གྱི་

འདུག་རོགས་ཡིན།

དུས་རྟག་པར། བདག་གི་སེམས་ཀྱི་དྲན་ངོགས་ན་

རྟག་པར་འཚེར་བས།

ཉིན་དཀར་གྱི་ཉི་མ་ཡིན་ལ། མཚན་མོའི་ཟླ་བ་ཡིན་

པར་མ་ཟད།

ཁྲ་ཆིལ་ལེར་བཞད་པའི་སྐར་མའི་ཚོགས་པ་དེ་ཚོའང་

ཡིན་པས།

ཁྱེད་ཚོའི་འཆར་ནུབ་ལ་གཟིམ་པ་མ་བྱུང་བར་དུ་

ང་ཚོའི་སེམས་ཁོང་ན་བརྩེ་བས་བཞུར་ཏེ།

དྲོད་ཀྱིས་འཚེར་བཞིན་པའི་བདག་གི་སྙིང་ཉེ་བའི་ཡི་

གེའི་ཚོགས་པ་དེ་ཚོ་ཡང་།

གཟིམ་པ་ག་ལ་ཡོད། གཟིམ་པ་ག་ལ་ཡོད།

༼ རྩེ་སྲས་ཟླ་འོད། ༽