( པར་ངོས་དང་པོར་མཐུད།)
ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་དང་ལྷན་བཞུགས་སྐུ་པར་བསྐྱོན་པ་དང་དེ་རྗེས་དབུ་ཚོགས་ལ་ཞུགས་ནས《“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”དར་སྤེལ་བཏང་ནས་ས་ཁུལ་གྱི་མཉམ་ལས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གཙོ་དོན་གཏམ་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་གཉིས་ཀྱི་གོང་དུ། ང་ཚོས་ཀྲུང་གོའི་ཤིས་ཨན་དུ་འཛོམས་ནས་ཐུན་མོང་ཐོག་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི“ཤིས་ཨན་གྱི་ཕུགས་འདུན”བཀོད་ཡོད། ལོ་གཉིས་རིང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་འཕེལ་རྒྱས་བཏང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བ་བརྒྱུད།ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་གྱི་ཀ་བཞི་གདུང་བརྒྱད་གཞི་རྩའི་ཆ་ནས་གྲུབ་པ་དང་། དབུ་ཚོགས་སྐབས་དང་པོའི་ཐུན་མོང་ངོས་འཛིན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་བ། མཉམ་ལས་ཀྱི་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་ཕྱིན་པ། མཛའ་གྲོགས་ཀྱི་མེ་ཏོག་ཇི་ཙམ་བཞད་པ་དེ་ཙམ་གྱིས་བཀྲག་མདངས་ཇེ་ཆེར་སོང་ཡོད།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ང་ཚོའི་མཉམ་ལས་དེ་ལོ་ངོ་ཉིས་སྟོང་ལྷག་རིང་གི་མཛའ་གྲོགས་འགྲོ་འོང་ཁྲོད་རྩ་བ་ཚུགས་པ་དང་། ཕྱི་འབྲེལ་བཙུགས་ནས་ལོ30ལྷག་རིང་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་ཀྱི་ཁྲོད་དུ་སྲ་བརྟན་དུ་ཕྱིན་པ། དུས་རབས་གསར་པ་ཚུན་གྱི་སྒོ་དབྱེ་གཉིས་ཕན་ཁྲོད་འཕེལ་རྒྱས་ཕྱིན་ཡོད། ཡུན་རིང་གི་ལག་ལེན་ཁྲོད་དུ་ང་ཚོས་འཚོལ་ཞིབ་བྱས་པ་བརྒྱུད། “ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་ཕན་འདོགས། ཕན་ཚུན་རོགས་རེས་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ”ཡི“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”གྲུབ་པ་སྟེ། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཆེ་ཆུང་ལ་མ་བལྟོས་པར་ལྟ་སྟངས་གཅིག་པ་འཛིན་པ་དང་། དོན་དག་ཡོད་ན་ཚང་མས་མཉམ་དུ་གྲོས་མོལ་གྱིས་ཐག་གཅོད་བྱེད་པ། གྲོས་མོལ་གཅིག་མཐུན་བྱུང་རྗེས་ཇུས་ཐག་གཅོད་པ། ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་འདྲ་བའི་ཆ་མཐུན་པར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་། མི་རིགས་ཀྱི་ལ་རྒྱ་བཅས་ལ་སྲུང་སྐྱོང་བྱེད་པར་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ་ལས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་གནོད་པའི་བྱ་བ་གང་ཡང་མི་བྱེད་པ། གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་ཕན་ཚུན་སྔོན་ཚུད་རོགས་ཟླ་བྱེད་པ་དང་། ཕན་ཚུན་འཕེལ་རྒྱས་ཀྱི་གོ་སྐབས་སྤྲོད་པ། ཕྱོགས་ཁག་གི་ཁེ་ཕན་ལ་ལྟ་རྟོག་བྱེད་པ། མང་ཕན་མཉམ་གནས་ཡོང་བར་བྱེད་པ། ཕན་ཚུན་ལྟ་སྐྱོང་དང་ཕྱར་བ་གྲུ་འདེགས་མཐའ་འཁྱོངས་ཀྱིས་རང་རང་སོ་སོའི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་རྒྱབ་སྐྱོར་བྱེད་པ་དང་། རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་པ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ནུས་ཤུགས་གཅིག་སྒྲིལ་གྱིས་ཁ་གཏད་གཅོག་པ། ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་མཉམ་དུ་སྲུང་སྐྱོང་བྱས་ཡོད། “ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”ཀྱིས་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་མཉམ་ལས་ལ་བརྩི་སྲུང་ཞུ་ས་གལ་ཆེན་མཁོ་འདོན་བྱས་ཡོད་པས། ང་ཚོས་ནམ་ཡང་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་འཛམ་གླིང་འདི་ཉིད་ཡོ་ལང་དང་འགྱུར་ལྡོག་ཆེ་བའི་དུས་སྐབས་གསར་པར་སླེབས་ཡོད། དྲང་གཞག་དྲང་བདེན་གྱི་བསམ་པར་འགྱུར་བ་མི་གཏོང་བ་དང་གཉིས་ཁེ་གཉིས་ཕན་གྱི་བློ་སྟོབས་མ་ཉམས་པར་བྱས་ཚེ། གཞི་ནས་འཛམ་གླིང་ཞི་བདེར་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ཡོང་ཐུབ། སྒོ་ཁྲལ་དམག་འཁྲུག་དང་ཚོང་དོན་འཁྲུག་རྩོད་ལ་རྒྱལ་ཁ་ཐོབ་མཁན་མེད། ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། བཙན་དབང་རིང་ལུགས་བཅས་ནི་རང་གཞན་གཉིས་ཀ་ཕུང་བའི་རྒྱུ་ལས་མ་འདས། ལོ་རྒྱུས་ཕྱིར་བཤོལ་བྱེད་མི་རུང་བར་མུ་མཐུད་མདུན་ཕྱོགས་སུ་སྐྱོད་དགོས། འཛམ་གླིང་ཁ་བྲལ་གཏོང་ཐབས་མེད་པས་ཕན་ཚུན་མཐུན་སྒྲིལ་བྱེད་དགོས། མིའི་རིགས་ནི་ཆེ་བཙན་ཆུང་བརྙས་ཀྱི་སྒྲིག་སྲོལ་ནང་ལོག་མི་རུང་བར་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས། ང་ཚོས“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”ཁྲིད་སྟོན་དུ་བྱས་ནས། དེ་བས་ཡར་ཐོན་གྱི་རྣམ་འགྱུར་དང་དེ་བས་དངོས་སྒྲུབ་ཀྱི་བྱ་ཐབས་ཐོག་ནས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དམིགས་ཚད་ཕྱོགས་སུ་འབད་འབུངས་མདུན་སྐྱོད་བྱེད་དགོས།
གཅིག་ནས། ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་མཐུན་སྒྲིལ་གྱི་ཐོག་མའི་བསམ་འདུན་བརྟན་པོར་སྲུང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨེ་ཤེ་ཡ་དབུས་མ་ནི་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་ཚུད་ཁ་ཕྱོགས་ལ་བརྩིས་ནས། ཁྱིམ་མཚེས་རྒྱལ་ཁབ་དབར་འཆམ་མཐུན་དང་། བདེ་འཇགས། འབྱོར་ཕྱུག་བཅས་ཡོང་བ་དང་། མཛའ་མཐུན་དང་། ལྷག་བསམ། ཕན་སྦྱར། བསྟུན་མཁས་བཅས་ཀྱི་འདུ་ཤེས་དང་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་འདྲ་མཉམ་སྤེལ་རེས་དང་ལྷག་བསམ་ཟོལ་མེད་ཀྱི་ལྟ་སྟངས་འཛིན་ནས། གཉེན་ཉེའི་བརྩེ་བ་ནམ་ཡང་མཉམ་གནས་དང་ཁྱིམ་མཚེས་འཆམ་མཐུན་ཡོང་བའི་རེ་སྨོན་བྱེད་ཀྱི་ཡོད། རྒྱལ་ཁབ་དྲུག་གིས་ཁྱིམ་མཚེས་རྒྱལ་ཁབ་ནམ་ཡང་འཆམ་མཐུན་མཉམ་གནས་དང་མཛའ་གྲོགས་ཀྱི་མཉམ་ལས་ཆིངས་ཡིག་ལ་མིང་རྟགས་བཀོད་དེ། བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་མི་རབས་ནས་མི་རབས་མཛའ་མཐུན་གྱི་རྩ་དོན་བརྟན་པོ་ཡོང་བར་བྱས་ཡོད། དེ་ནི་རྒྱལ་ཁབ་དྲུག་པོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ཞིག་རེད་ལ། ཀྲུང་གོའི་མཐའ་འཁོར་ཕྱི་འབྲེལ་གྱི་གསར་གཏོད་ཅིག་ཀྱང་ཡིན་པས། བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་སྐལ་བརྒྱར་ཐོན་རྒྱུ་ཉག་ཅིག་རེད།
གཉིས་ནས། དངོས་སྒྲུབ་ནུས་ཆེ་དང་མཉམ་འདྲེས་གཏིང་ཟབ་ཀྱི་མཉམ་ལས་བཀོད་པ་ལེགས་སུ་གཏོང་དགོས། ང་ཚོས2025ལོ་ནས2026ལོ་ནི“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལོར”གཏན་འཁེལ་བྱས་ཏེ། ཚོང་དོན་ཤར་གཏོང་དང་། ཐོན་ལས་མ་འཇོག། ཕན་ཚུན་སྦྲེལ་མཐུད། ལྗང་མདོག་གཏེར་རྫས། ཞིང་ལས་དེང་རབས་ཅན། མི་སྣ་འགྲོ་འོང་སོགས་ལ་དམིགས་ནས་ཞིབ་ཕྲའི་རྣམ་གྲངས་དེ་བས་མང་བ་ལག་ལེན་བསྟར་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་སྒྲོམ་གཞིའི་ནང་དབུལ་པོ་ཉུང་གཏོང་དང་། སློབ་གསོ་སྤེལ་རེས། ཐང་རྒོད་ཅན་འགོག་བཅོས་བཅས་ཀྱི་མཉམ་ལས་ཀྱི་ལྟེ་གནས་ཆེན་པོ་གསུམ་དང་། ཚོང་དོན་ཤར་གཏོང་གི་མཉམ་ལས་ལས་སྟེགས་བཙུགས་ནས། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་དམངས་འཚོ་དང་འཕེལ་རྒྱས་ཀྱི་རྣམ་གྲངས་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱས་ཏེ། འབྱུང་འགྱུར་ལོ་གཉིས་ནང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལ་གསོ་སྦྱོང་གི་མིང་སྐལ3000མཁོ་འདོན་བྱ་རྒྱུའི་གཏན་འབེབས་བྱས་ཡོད།
གསུམ་ནས། ཞི་བདེ་བརྟན་ལྷིང་དང་སྐྱིད་སྡུག་མཉམ་མྱོང་གི་བདེ་འཇགས་བཀོད་པ་གཏོད་དགོས། ང་ཚོས་ས་ཁུལ་གྱི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་རྒྱག་པ་དང་། ཁྲིམས་སྒྱུར་བདེ་འཇགས་ཀྱི་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ། ཐལ་སྐྱོད་བསམ་བློར་མཉམ་དུ་དོགས་ཟོན་དང་བཀག་འགོག་བྱེད་པ། “ངན་ཤུགས་གསུམ”ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་དང་སྒྲིག་འཛུགས་ཡོད་པའི་རྒྱལ་སྒྲོལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། དྲ་རྒྱ་དང་སྐྱེ་དངོས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ནས་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་འདོད་ཡོད།
བཞི་ནས། བློ་གཅིག་སེམས་གཅིག་དང་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་གྱི་མི་ཆོས་རིག་གནས་ཀྱི་འབྲེལ་ཐག་དམ་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་སྒྲིག་གཞི་དང་། སྲིད་ཏང་། བུད་མེད། གཞོན་ནུ། སྨྱན་སྦྱོར། རིག་མཛོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བརྒྱབ་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱེད་ཀྱི་ཡིན། ཨེ་ཤེ་ཡ་དབུས་མར་རིག་གནས་ལྟེ་གནས་དང་། མཐོ་སློབ་ཀྱི་ཡན་ལག་སློབ་གྲྭ། ལུའུ་པན་བཟོ་ཁང་བཅས་དེ་བས་མང་བ་བཙུགས་ནས། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་ལ་བྱང་ཚད་མཐོ་བའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་འདོད་ཡོད། ས་གནས་ཀྱི་མཉམ་ལས་ཟབ་ཏུ་འགྲོ་བར་རྒྱབ་སྐྱོར་བྱས་ཏེ། ཀྲུང་དབྱང་ནས་ས་གནས་བར་དང་། གཞུང་ཕྱོགས་ནས་དམངས་ཁྲོད་བར། མཐའ་འབྲེལ་ས་ཁུལ་ནས་ས་ཁོངས་དེ་བས་ཡངས་པའི་བར་བཅས་ཀྱི“སེམས་འབྲེལ”བཀོད་པ་མཉམ་དུ་གཏོད་དགོས།
ལྔ་ནས། དྲང་གཞག་ལུགས་མཐུན་དང་འདྲ་མཉམ་དང་གོ་རིམ་ལྡན་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། ང་ཚོས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་དང་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ80འཁོར་བའི་ལོ་ཞིག་རེད། དཀའ་སྡུག་ཤིན་ཏུ་ཆེ་བའི་དམག་འཁྲུག་གི་ལོ་རབས་སུ། ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་མི་དམངས་དང་ཕན་ཚུན་རྒྱབ་སྐྱོར་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། ཐུན་མོང་ཐོག་མིའི་རིགས་ཀྱི་དྲང་བདེན་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དར་སྤེལ་དང་། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་བཅས་བྱས་ཏེ། འཛམ་གླིང་ཞི་བདེ་འཕེལ་རྒྱས་ཆེད་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་སྣོན་དགོས།
མཇུག་ཏུ། ཞི་ཅིན་ཕིང་གིས། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་སྒོ་དབྱེར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་ངེས་ཡིན། ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྤུས་ཚད་དེ་བས་མཐོ་བའི་མཉམ་ལས་བྱེད་པ་དང་། ཁེ་ཕན་མཉམ་འདྲེས་ཟབ་ཏུ་གཏོང་བ། ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཐུབ་པ་བཅས་བྱས་ནས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་སོགས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་འགོ་ཁྲིད་ཀྱིས་མགྲིན་གཅིག་ཏུ་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག། ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་བྱས་ཏེ་རྒྱལ་ཁབ་ཁག་ལ་རིན་ཐང་བྲལ་བའི་འཕེལ་རྒྱས་ཀྱི་གོ་སྐབས་སྦྱིན་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་དེ་ཕྱོགས་གཉིས་པོའི་གླེང་མོལ་མཉམ་ལས་ལ་སྐུལ་འདེད་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། གཏན་འཁེལ་མེད་པའི་རང་བཞིན་མང་བའི་འཛམ་གླིང་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་གྱི་འཐབ་ཇུས་དོན་སྙིང་དེ་བས་མངོན་གསལ་དོད་དུ་འགྲོ་བ་དང་ཀྲུང་གོའི་དར་རྒྱས་སྟོབས་ཆེན་གྱིས་མཐའ་འཁོར་རྒྱལ་ཁབ་ལ་ཕན་འདོགས་བཞིན་ཡོད། ཀྲུང་གོ་ནི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་གིས་ནམ་ཡང་ཡིད་ཆེས་བྱེད་ཆོག་པའི་འཐབ་ཇུས་རོགས་ཟླ་དང་གྲོགས་པོ་བློས་ཐུབ་རེད། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་མཉམ་ལས་བྱེད་སྟངས་ལ་ཚད་མཐོའི་བརྩི་མཐོང་བྱེད་པར་མ་ཟད། ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་དམ་ཟབ་བྱེད་པ་དང་། ཚོང་དོན་དང་མ་འཇོག་གི་གཞི་ཁྱོན་རྒྱ་ཆེར་གཏོང་བ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པ། བཟོ་ལས་དང་། ཞིང་ལས། ཚན་རྩལ། རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ་གསར་པ། ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད། ས་ཁོངས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན། རིག་གནས་དང་། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་དེ་ས་ཁོངས་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་བཏོད་ནས། དར་རྒྱས་གོང་འཕེལ་མཉམ་སྤྱོད་དང་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། དེ་བས་དམ་ཟབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད། ཕྱོགས་ཁག་གིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྲུང་གོས་བཏོན་པའི་དགེ་མཚན་ལྡན་པའི་ནུས་པར་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡོད་ལ། ཀྲུང་གོ་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ། རང་མོས་ཚོང་དོན་དང་ཕྱོགས་མང་ཚོང་དོན་མ་ལག་བརྟན་པོར་བསྲུངས་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད།
དབུ་ཚོགས་རིང་། ཞི་ཅིན་ཕིང་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་གིས《ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པའི་ཨ་སི་ཐ་ནའི་བསྒྲགས་གཏམ》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་དང་། ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཏུར་མེན་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་བཅས་དབར་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་ནམ་ཡང་འཆམ་མཐུན་མཉམ་གནས་ཀྱི་མཉམ་ལས་ཆིངས་ཡིག》ལ་མཚན་རྟགས་བཀོད་གནང་བ་རེད།
དབུ་ཚོགས་ཐོག “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། མི་སྣ་འགྲོ་འོང་སྟབས་བདེ་ཅན། ལྗང་མདོག་གཏེར་རྫས། ཚོང་དོན་ཤར་གཏོང་། ཕན་ཚུན་སྦྲེལ་མཐུད། བཟོ་ལས། འགག་སྒོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་ཁག12ལ་མཚན་རྟགས་བཀོད་པའི་ཁྱབ་བསྒྲགས་བྱས་པ་རེད། དབུ་ཚོགས་རིང་། ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་དང་མཛའ་མཐུན་གྲོང་ཁྱེར་སྐོར་གྱི་གྲོས་མཐུན་ཡི་གེ་མང་པོར་མཚན་རྟགས་བཀོད་པ་དང་། ཕྱོགས་གཉིས་པོའི་མཛའ་མཐུན་གྲོང་ཁྱེར་གྱི་གྲངས་འབོར་ཆ100ལས་བརྒལ་ཡོད་པ་རེད།
ཞི་ཅིན་ཕིང་གིས་ད་དུང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་དང་ལྷན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུལ་པོ་ཉུང་གཏོང་གི་མཉམ་ལས་ལྟེ་གནས་དང་། སློབ་གསོ་སྤེལ་རེས་ཀྱི་མཉམ་ལས་ལྟེ་གནས། ཐང་རྒོད་ཅན་འགོག་བཅོས་ཀྱི་མཉམ་ལས་ལྟེ་གནས། ཚོང་དོན་ཤར་གཏོང་གི་མཉམ་ལས་ལས་སྟེགས་བཅས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོར་ཡང་ཞུགས་པ་རེད།
ཕྱོགས་ཁག་གིས2027ལོར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གསུམ་པ་ཀྲུང་གོ་ཕྱོགས་ནས་གཙོ་གཉེར་བྱ་རྒྱུའི་གྲོས་ཐག་བཅད་པ་རེད།
ཉིན་དེའི་དགོང་མོར། ཞི་ཅིན་ཕིང་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡིས་དབུ་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཀྱི་གཙོ་བདག་ལ་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།
( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)