དཔྱིད་ཀར་ལྗང་ངུ་བུད་རྗེས་ཡུར་མ་ཡུར་བ་དང་། ལྗང་ཆུ་བཅུས་པ། ལྗང་ལུད་བཀྲམ་པ། དབྱར་ཀའི་རིང་ལ་རྩྭ་ལྡུམ་འབལ་བ་དག་ནི་དཔྱིད་རྨོས་རྗེས་སུ་ལོ་ཏོག་སྐྱེས་ནས་སྨིན་པའི་བར་དུ་བསྒྲུབ་དགོས་པའི་སོ་ནམ་གྱི་ལས་ཀ་ཡིན། དེ་ལས་ལྗང་ཆུ་བཅུས་པ་དང་ལྗང་ལུད་བཀྲམ་པ་ནི་འདིའི་ཡུལ་ལ་ལ་ལས་ཀུན་ཏུ་ཁྱབ་པའི་ལས་རིམ་མ་ཡིན་ལ། ཡུར་མ་ཡུར་པ་དང་རྩྭ་འབལ་བའི་ལས་ཀ་ནི་ཞིང་ལས་སོ་ནམ་ལ་བརྒྱུད་རིམ་མ་ཚང་ན་ཧ་ཅང་མི་རུང་ཞིང་། ལོ་ཏོག་གི་འབྲས་བུ་བཟང་པོ་སྨིན་པ་ལ་གནད་འགག་ཤིན་ཏུ་ཆེ་ལ། ཞིང་ལས་ལ་བསམ་པ་རྣམ་དག་གིས་སྙིང་རུས་བཏོད་དེ་སོ་ནམ་བྱེད་མཁན་ཚོས་མཐོང་ཆེན་ཏེ་པོར་བྱེད་པའི་ལས་རིམ་གལ་འགངས་ཆེན་པོ་གཉིས་ཡིན། དེ་ལས་དང་པོ་ནི་ལོ་ཏོག་ཡག་པོ་སྐྱེ་པ་ལ་བཞའ་ཁུག་པ་དང་འབུ་སེལ་བ་སོགས་གཙོ་བོ་ཞིང་ས་གཤིན་པའི་མཐུན་རྐྱེན་བསྐྲུན་པ་དང་ཕྱི་མ་ནི་ཞིང་སའི་བཅུད་དོན་མེད་འཕྲོ་བརླག་ཏུ་མི་འགྲོ་བར་བྱེད་པ་སོགས་གཙོ་བོ་ལོ་ཏོག་བཟང་པོ་སྐྱེ་པ་ལ་འགལ་རྐྱེན་བསལ་བའི་སོ་ནམ་གྱི་བྱེད་སྒོ་སྟེ། ལས་རིམ་དེ་གཉིས་ཚང་དང་མ་ཚང་དང་སྒྲུབ་སྟངས་སྤུས་ཀ་བཟང་ངན་གྱིས་ཐད་ཀར་ལས་རིམ་དེ་གཉིས་རང་རང་ལ་ཡོད་པའི་བྱེད་ནུས་ཀྱིས་ལོ་ཏོག་གི་འབྲས་བུ་བཟང་པོ་ཐོན་པ་ལ་ཕན་གནོད་གང་ཞིག་འབྱུང་པའི་ཤུགས་རྐྱེན་ཐེབས་པར་མ་ཟད། ད་དུང་སྔོན་ན་བྱས་ཟིན་པའི་སོ་ནམ་གྱི་ལས་རིམ་གཞན་པ་རྣམས་ཀྱིས་ལོ་ཏོག་ལ་བྱེད་ནུས་བཟང་པོ་འདོན་པ་ལའང་ཚོད་འཛིན་བྱེད་བཞིན་ཡོད། དེ་ནི་ཕ་མ་བཟང་པོས་བུ་རྒྱུད་སྐྱེད་སྲིང་བྱེད་པའི་བརྒྱུད་རིམ་དུ་རྐྱེན་བཟང་པོ་དང་ཕྲད་ན་བཟང་པོར་སྐྱེ་ལ་རྐྱེན་ངན་པ་དང་ཕྲད་ན་ངན་པར་གཞོམ་པའི་གནས་ལུགས་གསལ་པོ་ཤེས་ནས་འཚར་ལོངས་འབྱུང་བའི་ཁོར་ཡུག་ཀུན་ཏུ་བཟང་པོའི་མཐུན་རྐྱེན་ཡོངས་སུ་རྫོགས་པ་སྐྲུན་ཞིང་ངན་པའི་འགལ་རྐྱེན་ཐམས་ཅད་མ་ལུས་སེལ་བ་དང་གཉིས་སུ་མེད་པས་ཤེས་རབ་དང་འགྲོགས་པའི་ལས་ཀ་ཞིག་ཡིན། གཤམ་དུ་ལས་རིམ་དེ་གཉིས་སྔོན་ཆད་ཏྲེ་ཤོད་ལུང་པའི་ཞིང་པ་ཚོའི་ཇི་ལྟར་བྱེད་པའི་སྲོལ་རྣམས་ངོ་སྤྲོད་བསྡུས་པ་ཞིག་བྱེད་པ་ཡིན།
དེ་ལས་དང་པོ་ཡུར་མ་ཡུར་བ་ནི་འབྲུ་རིགས་ལོ་ལེགས་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པའི་ལས་ཀའི་རིམ་པ་གལ་ཆེན་པོ་ཞིག་ཡིན་པས་འདིའི་ཞིང་པ་རྣམས་ཀྱིས་སྔོན་ཆད་གྲོ་ཞིང་དང་ནས་ཞིང་ལ་ཡུར་མ་རྒྱག་པ་ནི་སོ་ནམ་གྱི་ལས་ཀ་མ་བསྒྲུབ་ན་མི་རུང་བ་ཞིག་ཏུ་བརྩིས་ཏེ་ཤིན་ཏུ་ནན་ནན་ཏན་ཏན་བྱས་ལ། སྲན་མ་བཏབ་པའི་ཞིང་ལ་ཡུར་མ་བརྒྱབ་ན་སྲན་མའི་བོངས་སྐྱེས་དྲགས་ཤིང་འབྲས་བུ་ལེགས་པོར་སྨིན་མི་ཐུབ་པར་འགྱུར་སྟབས་རྒྱག་སྲོལ་མེད། ཡུར་མ་རྒྱག་བྱེད་ཀྱི་ལག་ཆ་ཀྱོང་བུ་ལ་ཡུར་འཇོར་ཞེས་འཇོར་བུ་ཆུང་ངུ་ཞིག་ཡོད། དེ་ནི་འཇོར་མགོ་དང་ཤིང་གི་འཇོར་ཡུ་ལས་གྲུབ། འཇོར་མགོ་ནི་རྒྱུ་ལྕགས་ཀྱིས་བཟོས་པ་མགོ་ལྟག་རྟུལ་ཞིང་རྩེ་མོ་རྣོ་ལ་ཕྲ་བ་ཞིག་སྟེ། གནའ་སྔོན་མར་ལྕགས་དཀོན་པས་འཇོར་མགོ་ཤིང་གིས་བྱས་པ་ལ་རྩེ་མོར་ལྕགས་ཆུང་ངུ་རེ་སྤྲད་པའང་ཡོད། གལ་ཏེ་འབུ་ཤིན་ཏུ་མང་བའི་འབུ་ཞིང་ཡིན་ན་འབུ་དགྲ་གཞོམ་ཕྱིར་འཇོར་གྱི་རྩེ་མོར་ཤིང་སྐྱེར་བ་བསྒགས་ནས་རྒྱག་སྲོལ་ཡོད། མིས་རྒྱག་དུས་ལག་པ་གཉིས་ཀྱིས་མཇོར་བུའི་ཡུ་བར་བཟུང་ནས་རྩེ་མོས་ལྗང་མྱུག་བར་གསེང་གི་ས་ངོས་སྟོང་པར་ཧྲད་ཙམ་ཧྲད་ཙམ་བྱེད་བཞིན་ཡུལ་ཕལ་མོ་ཆེ་ན་རྒྱག་མཁན་ཕྱི་ལ་ནུར་པ་ཡིན། ས་ངོས་ཧྲད་ནས་ཡུར་མ་རྒྱག་སྟངས་འདི་ད་ལྟ་དཀར་མཛེས་ཀྱི་སྟོད་སྨད་ཉིན་སྲིབ་ཀུན་ཏུ་དར་ཡང་། མ་མཐའང་མཐའ་སྨད་སོགས་ས་ཆ་ཁ་ཤས་ན་མཉམ་ལས་ཁང་གི་སྐབས་སུ་བྱུང་བ་ལས་སྔ་ནས་ཡོད་པ་ཞིག་མ་ཡིན་ཏེ། མཉམ་ལས་ཁང་མ་བཙུགས་པའི་སྔོན་དུ་ཡུལ་དེ་དག་ན་ལྗང་རྩ་ལ་བུ་གར་གཙགས་པ་ལས་ས་ངོས་བྲད་ནས་ཡུར་མ་རྒྱག་མཁན་མེད་པར་མ་ཟད། མཉམ་ལས་གྲོལ་རྗེས་ཀྱང་གྲོང་ནང་དུ་མེས་པོའི་སོ་ནམ་བྱེད་སྟངས་ལ་ཆ་རྒྱུས་ཆེ་ཞིང་རྒྱུན་སྐྱོང་སྟངས་བཟང་ལ་གྲོང་མི་ཀུན་གྱིས་ཞིང་ལས་སོ་ནམ་བྱེད་སྟངས་ཀྱི་མིག་དཔེར་གྱུར་པའི་ཞིང་པ་བགྲེས་མོ་ཤིན་ཏུ་ཞིབ་ཚགས་ཅན་དག་གིས་ནི་ད་དུང་ཡུར་མ་ཡུར་དུས་ལྗང་ཕུང་རེའི་རྩ་ན་འཇོར་བུས་བུ་ག་རེ་གཙགས་བ་ལས་ས་ངོས་ལ་འབྲད་པ་གཏན་ནས་མི་བྱེད་པས། ཁོང་ཚོས་ཡུར་མ་ཡུར་རྗེས་ཞིང་ཡོངས་སུ་བུ་ག་ནག་རོག་གེ་བས་ཁེབས་ཤིང་ལྗང་མྱུག་ཕྱིར་ཇེ་ཐུང་དུ་སོང་འདུག་པ་ལྟ་བུར་སྣང་བའི་རྣམ་པ་དོད་ཡོད། དེ་ནི་མི་རབས་ནས་མི་རབས་ལ་བརྒྱུད་པའི་ཞིང་ལས་སོ་ནམ་གྱི་བཤད་པ་སོགས་སུ་ཡུར་མ་རྒྱག་སྟངས་ཀྱི་དཔེར་བྱེའུས་རྒུམ་བུ་འཐུ་བ་བཞིན་དུ་ཞེས་བརྗོད་པ་དང་གནའ་མིའི་ངག་ཏུ་བརྒྱུད་པའི་གཏམ་དཔེར་ཡུར་མིག་ཆུ་ཡིས་བཀང་པ་བཞིན་ཞེས་པ་རྣམས་དང་ཤིན་ཏུ་མཐུན་ཞིང་། དེ་ལྟར་ཡུར་བས་ལོ་ཏོག་སྐྱེ་སྟོབས་ལྷག་པར་ཆེ་ཞིང་འབྲས་བུ་གཡུར་དུ་ཟ་བ་སྨིན་པ་ལ་གཞན་སུས་ཀྱང་མི་དོ་བའི་ཕན་ཐོགས་ཕུན་སུམ་ཚོགས་པ་བྱུང་བ་མི་མང་པོའི་མངོན་སུམ་གྱི་མཐོང་ཆོས་སུ་གྱུར་མྱོང་། འོན་ཀྱང་དེ་ལྟར་ཡུར་བ་ལ་དཀའ་ལས་ཆེ་བས་དིང་སང་དཀའ་ལས་ཆུང་བ་དང་ས་ཕྱོད་ཆེ་ཕྱིར་ཧྲད་ནས་ཡུར་མ་རྒྱག་མཁན་ཤ་སྟག་ཏུ་གྱུར། ཡུར་མ་རྒྱག་མཁན་མི་གཅིག་ལས་མེད་ན་ཞིང་གི་མགོ་ནས་རོལ་མཚམས་རྒྱ་ཆེ་ཆུང་རང་ལ་རན་པ་ཞིག་བཅད་ཏེ་མཇུག་གི་བར་དུ་ཡུར། སླར་ཡང་ཞིང་མགོ་ནས་དེ་ལྟར་བྱས་ཏེ་ཞིང་ཧྲིལ་པོ་མ་ཟད་བར་དུ་ཡུར་ལ། མི་དུ་མ་ཡོད་ན་འཕྲེད་ཐིག་གཅིག་ཏུ་ཤོ་བསྒྲིགས་ནས་ཡུར་བ་སྟེ་དེ་དག་སྟོན་ཐོག་ལེན་དུས་སྟར་ག་གཅོད་སྟངས་དང་གཅིག་པ་ཡིན། ཡུལ་འགའ་རེ་ན་སྟབས་བདེ་བའི་ཆེད་དུ་ཟོག་ལ་དྲས་ཤལ་དྲུད་ནས་ཡུར་མ་རྒྱག་པ་ནི་དུས་ཕྱིས་སུ་བྱུང་། ཡུར་མ་རྒྱག་པས་གཙོ་བོ་ཞིང་ས་ཧོལ་པ་དང་། མྱུ་གུ་ས་འོག་སེར་པོར་ལུས་ནས་ས་སྟེང་ལ་འབུད་མ་ཐུབ་པ་རྣམས་ཕྱིར་བུད་པ། མྱུ་གུ་ལ་འབུ་དགྲས་གནོད་པ་མི་སྐྱེལ་བ་སོགས་ལ་ཕན་ཐོགས་ཆེ། ཡུར་གྲངས་ནི་དཔེར་ན་སྟོང་སྐོར་ཕྱོགས་སོགས་ས་ཆ་ཁ་ཤས་ན་ཐེངས་མ་གཉིས་རེ་རྒྱག་པའང་ཡོད་ཅིང་དུས་རབས་སྔོན་མོའི་ནང་ལ་མ་མཐའང་ཐེངས་རེ་མི་རྒྱག་པ་ནི་མེད། རྒྱག་པའི་དུས་ཚོད་ནི་སྤྱིར་བཏང་ཡུལ་ཕལ་མོ་ཆེར་དཔྱིད་ཀར་ལོ་ཐོག་བཏབ་རྗེས་ཕག་རི་ནག་ཐང་ནག་ཅེས་ཕག་ཟླར་ལྗང་བུས་ཞིང་ས་ཁེབས་པ་དང་། བྱི་ཟླ་ལྔ་པར་ལོ་ཏོག་ལུས་ཀྱི་སྐྱེ་ཚད་རྫོགས། གླང་ཟླ་དྲུག་པར་འབྲས་བུ་སྨིན་ཞིང་འབྲུ་ཤེད་རྒྱས་པ་ཡིན་སྟབས་ཡུར་མ་རྒྱག་པའི་དུས་ནི་ཕག་ཟླ་ཡིན་ལ། དེ་ལ་ས་གནས་ཀྱི་གནས་ཚུལ་མི་འདྲ་བའི་དབང་གིས་བོད་ཟླའི་གྲངས་ཀ་དང་ལོ་ཏོག་གི་ལྗང་དཀྲིས་ལ་ལྟ་བ་སོགས་ཡོད་པ་སྟེ། ལྗང་དཀྲིས་ལ་བལྟས་པ་ཚོས་ལྗང་བུ་ལ་ལྗང་དཀྲིས་གཅིག་གཉིས་ཙམ་དཀྲི་དུས་སུ་ཡུར་མ་ཐེངས་དང་པོ་རྒྱག་ལ། ཐེངས་གཉིས་རྒྱག་པ་ཚོས་དེ་ནས་ལྗང་དཀྲིས་གཉིས་གསུམ་དུ་སྐྱེས་རྗེས་ཡང་བསྐྱར་ཐེངས་གཅིག་རྒྱག་པ་ཡིན། ཟླ་བ་ལ་བལྟས་པས་བོད་ཟླ་བཞི་པའམ་ཕག་ཟླའི་བཅོ་ལྔའི་ཚུན་ཆད་དུ་ཐེངས་དང་པོ་ངེས་པར་རྒྱག་ཚར་བར་བྱས་ཤིང་། དེ་ལས་བརྒལ་ན་མྱུ་གུ་ཤིང་ནས་ཡུར་མ་རྒྱག་འཕྱིས་འགྲོ་ཟེར། ཡུར་མ་རྒྱག་མཁན་ནི་ཕལ་ཆེར་བུད་མེད་ཡིན་མོད། འོན་ཀྱང་སྐྱེས་པ་ཕོས་རྒྱག་མི་དར་བའང་མ་ཡིན། གཙོ་བོ་དུས་འདིར་སྐྱེས་པ་རྣམས་ནི་རི་དང་བྱེས་སུ་ལས་ཀ་གཞན་གྱིས་བྲེལ་བས་ཡིན་པར་སྣང་། ཡུར་མའི་དུས་ལ་ལྷམ་མི་གོན། རྩྭ་བལ་ནང་ལ་ཞྭ་མི་གྱོན་ཞེས་པའི་དཔེ་ལྟར་གནའ་དུས་ལྷམ་གྱིས་ལྗང་བུ་གླན་པར་དོགས་ནས་ཡུར་མ་རྒྱག་མཁན་གྱིས་མི་གྱོན་པའི་སྲོལ་ཡང་ཡོད་པར་བཤད་ཀྱང་ས་སབ་སོབ་རྡོག་པས་གླེབས་པས་ཀབ་ཀོབ་ཏུ་འགྱུར་བ་དོགས་པའང་ཡིན་པར་སྣང་། མི་ཚོས་ཡུར་མ་བརྒྱབ་རྗེས་ཉིན་གཅིག་གཉིས་ལ་ཆར་མི་འབབ་པའི་རེ་བ་བཅངས་ལ། དེ་ནི་མྱུ་གུ་ལ་འཚེ་བའི་འབུ་རྣམས་ཤི་ཐུབ་པར་ཕན་པའི་རྐྱེན་གྱིས་རེད་ཟེར། འོན་ཀྱང་སྤྱིའི་ཆ་ནས་ཆར་ཆུ་དུས་སུ་འབབ་པ་ཞེས་ལོ་ཏོག་ཞིང་ན་ཡོད་རིང་དུ་ཆར་པ་འབབ་དགོས་ཤིང་། ལྷག་པར་དཔྱིད་ཀའི་ཆར་པ་དེ་ལས་གལ་ཆེ་བ་སྟེ། ས་བོན་བསྐམས་ནས་འཕྲོ་བརླག་མི་འགྲོ་བ་དང་ལྗང་རྐུབ་སར་བརྟན་པོར་ཟུག་པ་སོགས་ལ་ཕན་ཐོགས། ཡུར་མ་བརྒྱབ་ནས་ཉིན་གཉིས་གསུམ་རྗེས་སུ་ཆར་པ་བབས་ན་ལྗང་མྱུག་ཉིན་རེ་ཉིན་རེར་བལྟས་བལྟས་རིག་རིག་གིས་ཇེ་རིང་དུ་ཡོང་བ་མཐོང་ཐུབ། དེ་བས་མི་ཚོས་བྱ་ཀུག་ཀུག་ལ་གཙིགས་ཆེན་པོར་འཛིན་པའང་ཡུལ་འདིར་དཔྱིད་ཀར་ཤིང་ལྕང་མའི་ལོ་མས་བྱེའུ་ཨ་ཏོ་སྒྲིབ་པའི་དུས་ཡན་མན་བྱ་ཀུག་ཀུག་སླེབས་ཤིང་དེ་དང་མཉམ་དུ་བྱ་འབབ་དང་ཁུ་བྱུག་ཤིང་གཅག་ཅེས་ཆར་པ་མང་པོ་བབས་ཤིང་སྐབས་སྐབས་སུ་བབས་དྲགས་ན་གངས་མ་ཆར་གྱིས་ལྗོན་ཤིང་གི་ཡལ་ག་ཡང་གཅོག་པར་བྱེད་པས་ཡིན། ཡུར་མ་ཡུར་དུས་མི་ཚོས་མ་ཎི་དང་ཡིག་བརྒྱ་སོགས་དབྱངས་རྟར་དྲངས་ནས་འདོན་ལ། རྒྱུ་མཚན་ནི་ཡུར་མ་ཡུར་བ་དེ་ཆེད་དུ་འབུ་གསད་ཕྱིར་དུ་བྱེད་པར་དགོངས་ཏེ་མཐོལ་བཤག་བྱེད་པ་ཡིན།
ཡུལ་ཕྱོགས་གཞན་པའི་ས་ཆ་ལ་ལ་ན་ཡུར་མ་ཡུ་བའི་གླུ་ཚིག་ཏུ། ལྡུམ་གྱི་ཕ་ཤི། ལྡུམ་གྱི་མ་ཤི། ལྡུམ་ལྷ་རྒོད་པོ་ཤི། ལྡུམ་ཕྲུག་ཁ་སེར་ཤི། ལྡུམ་མགོར་མེ་ཐོངས། ལོ་མགོ་ལ་ཆུ་བླུགས། ལྡུམ་ཤུལ་ཆད་པར་ཤོག། ལོ་ཤུལ་རྒྱས་པར་ཤོག་ཅེས་པ་ལྟ་བུ་ཡོད་ཅིང་ཡི་གེ་མཁས་པ་ཚོས་ཀྱང་དག་ཡིག་འགྲེལ་བ་སོགས་སུ་ཡུར་མ་ཡུར་བ་ལ་ཞིང་ནང་གི་རྩྭ་ལྡུམ་འབལ་བའི་བྱ་བ་ཞེས་ཡུར་མ་ཡུར་བ་ནི་རྩྭ་ལྡུམ་འབལ་བའི་ཆེད་དུ་ཡིན་པ་ཙམ་ལས་མ་བརྗོད་ཀྱང་། ས་ཆ་མི་འདྲ་བ་དང་ལོ་ཏོག་མི་འདྲ་བ་ལ་ཡུར་མ་རྒྱག་སྟངས་དང་དགོས་པ་མི་འདྲ་བ་ཡོད་པར་སྣང་སྟེ། དཔེར་ན་ཡུལ་གཞན་པ་ལོ་གཅིག་ལ་ལོ་ཏོག་འོར་མ་གཉིས་རག་པའི་ཡུལ་ན་ལོ་ཏོག་ཐེངས་རེར་ཡུར་མ་འོར་མ་གཉིས་རེ་རྒྱག་ཅིང་འོར་མ་དང་པོར་ས་སློག་ཅིང་གཉིས་པ་ལ་རྩྭ་བལ་དང་། མ་རྨོས་ལོ་ཏོག་ལྟ་བུ་ལ་ཡུར་མ་ཐེངས་གཉིས་པའི་སྐབས་སུ་གཙོ་བོ་རྩ་བ་གཏན་ཕྱིར་ས་སྤུང་བ་ཡིན་པར་བརྗོད་པ་ལྟ་བུ་དང་། ཞོག་ཁོག་ལ་ཡུར་མ་ཡུར་བ་ནི་ས་སྤུང་པ་དང་ལྡུམ་བུ་འབལ་བ་གཉིས་ཀའི་ཆེད་དུ་ཡིན་པ་མཐོང་ཐུབ་པ་ལྟ་བུ། ཡུལ་འདིའི་གྲོ་ནས་ལ་ཡུར་མ་ཡུར་བའི་ཞོར་དུ་ལྡུམ་བུའང་རྐོ་ན་ཡང་དགོས་པ་གཙོ་བོ་ནི་ཞིང་གི་སེར་མ་སྲུང་བ་སྟེ་ས་འོག་ཏུ་རླན་གཤེར་བསོགས་ཤིང་རྒྱུན་རིང་དུ་གནས་པའི་ཆེད་དུ་ཡིན་པར་སྣང་། རྒྱུ་མཚན་གང་ཞེ་ན། ཡུར་མ་ཡུར་རྗེས་སུ་རྩྭ་ལྡུམ་སླར་ཡང་འབལ་དགོས་པ་དང་། ཡུར་མ་ཡུར་དུས་སུའང་ས་སློག་པ་ལས་རྩྭ་ལྡུམ་འབལ་བ་གཙོ་བོར་མི་བྱེད་པ་དང་། ཡུལ་ལ་ལ་ན་ཟོག་ལ་དྲས་ཤལ་དྲུད་ནས་ཡུར་མ་ཡུར་བས་ལྡུམ་བུ་མི་འབལ་བས་ཕན་ཐོགས་ཅི་ཡང་མི་འབྱུང་བར་འགྱུར་དགོས་ཀྱང་དོན་དུ་ལོ་ཏོག་གི་སྐྱེ་སྟོབས་ལ་ཕན་ཐོགས་
དངོས་སུ་བྱུང་བ་མཐོང་ཐུབ་པ་དང་། གནའ་མི་ཚོས་ལྗང་རྩ་ལ་བུ་ག་གཙགས་པ་ཙམ་ལ་དགོས་པ་མེད་པར་འགྱུར་བ་ལ་སོགས་པས་དང་། གཞན་ཡང་དངོས་པོའི་གནས་གཤིས་ལ་ས་ངོས་ཇི་ཙམ་ཁོད་སྙོམས་ཤིང་ཀབ་ཀོབ་དང་སྲ་མཁྲེགས་སུ་གྱུར་ན། དེ་ཙམ་གྱིས་བ་སྤུའི་བུ་ག་ཕྲ་མོ་མང་པོ་འབྱུང་བ་དང་། བུ་ག་དེ་དག་ནི་ཆུའི་ཐིགས་པ་ཆུང་ངུ་ཡང་ཐར་མི་ཐུབ་ཀྱང་རླངས་པ་ལས་སླ་མོས་རྒྱུ་ཐུབ་པ་ཤ་སྟག་ཡིན་པས། ཕྱོགས་གཅིག་ནས་དྲོད་ཚད་ཆེ་སྐབས་ས་འོག་གི་རླན་གཤེར་རྣམས་རླངས་པར་གྱུར་ནས་ཕྱིར་འཕྱུར་པས་ས་བསྐམས་སླ་བ་དང་། ཅིག་ཤོས་སུ་ཆར་ཆུ་བབས་དུས་ཆུ་ཐིགས་གདིང་དུ་སིམ་མི་ཐུབ་པར་འགྱུར། དེའི་སྐབས་ས་ངོས་སབ་སོབ་དང་འབར་འབུར་ཅན་དུ་བསྒྱུར་ན་བུ་ག་ལ་གཏོར་བརླག་ཐེབས་པས་ནང་རླན་གཤེར་ཕྱིར་མི་ཐོན་པ་དང་ཕྱིའི་ཆུ་ཐིགས་ནང་དུ་སིམ་བདེ་བར་འགྱུར་བའི་ཁྱད་ཆོས་ཡོད་ཅིང་། ཏག་ཏག་ཞིང་པས་དཔྱིད་རྨོས་སྐབས་སུ་ལྗང་བུ་འབུད་སླ་བ་སོགས་ཀྱི་ཆེད་དུ་ཞིང་ངོས་ས་ཁོད་ཤིན་ཏུ་སྙོམས་པོ་དང་ས་རྡུལ་ཧ་ཅང་ཞིབ་མོར་བཟོས་པས་སྲ་མཁྲེགས་དང་ཀབ་ཀོབ་ཏུ་འགྱུར་སླ་བ་ཡོད་སྟབས། དེར་ས་ངོས་གཙགས་དང་བྲད་ནས་བུ་ག་ལ་གཏོར་བརླག་ཡང་ཡང་བཏང་ན་ཕྱིའི་ཆུ་ཐིགས་ནང་དུ་སིམ་བདེ་བ་དང་། འོག་གི་རླན་གཤེར་ཕྱིར་མི་ཤོར་པར་ས་འོག་ཏུ་ཡུན་རིང་དུ་གནས་པར་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོད་པ་བཅས་ཀྱི་ཕྱིར། དེ་ལྟར་ཡིན་ན་གནའ་མི་ཚོས་ལྗང་ཕུང་གི་རྩ་ན་བུ་ག་གཙགས་པ་ནི་ས་ངོས་ཧྲད་པ་ལས་ཀྱང་མཇུག་འབྲས་བཟང་ཞིང་ཡང་དག་པའི་ཡུར་མ་རྒྱག་སྟངས་ཤིག་ཡིན་གྱི། ལྡོག་ཏུ་ཉེ་ལམ་འདྲུད་འཐེན་འཕྲུལ་ཆས་ཀྱིས་དྲས་ཤལ་དྲུད་ནས་ཡུར་མ་ཡུར་བ་ལ་ནི་ཕན་གནོད་གང་ཆེར་བརྟག་དགོས་པ་ཞིག་སྟེ། མེས་པོ་ཚོས་ལྷམ་གྱོན་པས་ཀྱང་གནོད་པ་དོགས་ཤིང་། འཕྲུལ་ཆས་ཀྱི་འཁོར་ལོ་བཞིའམ་བརྒྱད་ཀྱིས་བརྫིས་པས་ས་ཇེ་སྲ་དང་བུ་ག་ཇེ་མང་དུ་མི་འགྲོ་བ་མི་སྲིད་པ་ཞིག། ཡུར་མ་ཡུར་བའི་ཕན་པ་གཞན་ཞིག་ལ་ད་དུང་ས་འོག་ལ་རླུང་རྒྱུགས་བདེ་བ་དང་དྲོད་འཕར་བའི་ཕྱིར་དུ་ཡིན་པར་སྣང་སྟེ། ཞིང་ས་ནི་སྤྱིར་བཏང་གི་ས་དང་མི་འདྲ་བ་ས་གཞིའི་ཕྱི་ངོས་སུ་གཏེར་རྫས་ཀྱི་རྡུལ་ཕྲན་སྣ་ཚོགས་དང་། མཁའ་རླུང་། རླན་གཤེར། སྐྱེ་དངོས་ཕྲ་མོའི་རིགས། སྐྱེ་ལྡན་གྱི་དངོས་པོ་སོགས་འདུས་ཤིང་སོབ་སོབ་ཏུ་གྱུར་པའི་རིམ་པ་ཞིག་སྟེ། དེར་ས་བོན་སྨིན་པ་ལ་ས་ཆུ་མེ་རླུང་སོགས་ཀྱི་མཐུན་རྐྱེན་འཐུས་ཚང་ཞིང་དོ་སྙོམས་པ་འཛོམ་དགོས་པར་དཔེར་ན། རླན་གཤེར་ཉུང་ཞིང་དེའི་མི་མཐུན་ཕྱོགས་རྣམས་མང་སོང་ན་ཐན་པ་དང་། རླན་གཤེར་མང་ཤིང་དེའི་གཉེན་པོ་རྣམས་ཉུང་སོང་ན་ཞོད་ཀྱི་གནོད་པ་འབྱུང་བ་ལྟར་ས་བོན་ལས་མྱུ་གུ་འབུ་པ་ལ་རླུང་དང་མེ་ཡང་མེད་དུ་མི་རུང་ལ། ཡུར་མ་ཡུར་ནས་ས་སོབ་སོབ་ཏུ་བསྒྱུར་པས་ས་ཞིང་གི་ས་བུག་ཆེ་འབྲིང་ཆུང་གསུམ་རྣམས་དོ་སྙོམས་པར་བྱས་པས་ས་འོག་ཏུ་ཆུ་རླུང་རྒྱུ་པ་ལ་ཕན་ཐོགས་པ་དང་། ས་ངོས་ཇི་ལྟར་ཁོད་འཇམ་ན་ཉི་འོད་དེ་ལྟར་ལྡོག་འཕྲོ་བྱེད་སླ་སྟབས་ཁོད་མི་སྙོམས་པར་བྱས་པས་སའི་དྲོད་སོས་པ་ལ་ཕན་སྲིད་དོ།། ( མུ་འགོད། )