དུས་རྒྱུན་ཁ་ནང་ན་བཞུར་གྱིན་པ་ནི་སྐད་ཆ་དང་ཁ་ཆུ་ཡིན།
སོ་བར་དང་ལྕེ་རྩེ་ནས་འཐོར་གྱིན་པ་ནི་སྐད་ཆ་དང་ཁ་ཆུ་ཡིན།
ཁ་ཆུ་ནི་སྐད་ཆའི་ཉེ་རྒྱུ་ཐུན་མོང་མ་ཡིན་པ་ཞིག་ཡིན།
སྐད་ཆ་ལ་ད་དུང་རྒྱུ་ཧ་ཅང་མང་སྟེ།
མགྲིན་པ་རྐན་སོ་མཆུ་ལྕེ་སྣ་སོགས་སྐད་ཆའི་རྒྱུ་ཡིན།
ཁ་ཆུ་ཡོད་པས་སྐད་ཆ་ཡོད།
སྐད་ཆ་ནི་ཁ་ཆུ་ནང་བཞིན་མུ་ནས་འབབ།
སྐད་ཆ་ནི་གློ་གྲི་ངར་མ་ཞིག་ཡིན།
སྐད་ཆ་ནི་རྡུལ་ཕྲན་འབར་རྡེལ་ལས་ཀྱང་ནུས་ཤུགས་ལྡན།
སྐད་ཆ་ནི་སེམས་པ་སྟེང་འོག་ལྡོག་བྱེད་ཀྱི་
འཕྲུལ་ཆས་ཡ་མཚན་པ་ཞིག་ཡིན།
སྐད་ཆ་ནི་རེག་ཐུག་མི་ཕོད་པའི་སྲོག་ཆགས་རྒང་ལྟ་བུ་ཞིག་ཡིན།
སྐད་ཆ་ནི་འཇམ་ལ་ཡང་བའི་ལུག་བལ་ཡིན།
སྐད་ཆ་ནི་རང་སྲུང་གཞན་སྐྱོབ་གྱི་འཚེ་མེད་ཞི་
བདེའི་ལམ་བཟང་ཡིན།
སྐད་ཆ་ནི་སྲོག་ལྡན་ཀུན་ལ་མཁོ་བའི་ནོར་བུ་རྩ་ཆེན་ཞིག་ཡིན།
སྐད་ཆ་ནི་གཏན་གྲོགས་ནང་བཞིན་ནམ་ཡང་འབྲལ་འདོད་མེད།
སྐད་ཆ་ནི་རལ་གྲི་སོ་གཉིས་མ་ནང་བཞིན་བཀོལ་སྤྱོད་དཀའ།
སྐད་ཆ་ནི་བལ་སྐུད་ཡིན་པས་འཐེན་དྲགས་ན་ཆད་འགྲོ།
སྐད་ཆ་ནི་ཆུ་བོ་མིན་པས་མཚམས་མེད་ན་སུན་འགྲོ།
སྐད་ཆ་ནི་རྩྭ་ཐང་ཡིན་པས་གདན་དུ་གཏིང་ཆོག།
སྐད་ཆ་ནི་ནམ་མཁའ་ཡིན་པས་གོས་སུ་མནབས་ཆོག།
སྐད་ཆ་ནི་རྒྱན་ཆ་ཡིན་པས་ལུས་ལ་གདགས་ཆོག།
སྐད་ཆ་ནི་ནག་ནོག་ཡིན་པས་ཕྱི་དོར་བྱ་ཆོག།
སྐད་ཆ་ནི་མག་མོག་ཡིན་པས་དྭངས་ཆ་གཏང་ཆོག།
སྐད་ཆ་ལ་ཕྱི་ནང་ཡོད་ལ་སྟེང་འོག་ཀྱང་ཡོད།
གདོད་མ་ནས་སྐད་ཆ་ཡོད་ལ་སྐད་ཆའི་རིན་ཐང་ཡོད།
འཚོ་གནས་ཀྱི་གདམ་ཀ་ཡོད་ཚད་སྐད་ཆ་རེད་དམ།
དགུན་ཁའི་གྲང་ངར་མཐའ་དག་སྐད་ཆ་རེད་དམ།
དབྱར་ཁའི་དྲོད་མཇལ་ཀུན་པོ་སྐད་ཆ་རེད་དམ།
ཐ་སྙད་དང་སྙན་ངག་སོགས་ཀྱང་སྐད་ཆ་རེད་དམ།
འཚར་ལོངས་ཀྱི་ལོ་ཟླ་དེ་དག་ཀྱང་སྐད་
ཆས་བསྐྱལ་བ་བདེན་ནམ།
རེ་འདུན་གྱི་སྨོན་ལམ་དེ་དག་ཀྱང་སྐད་
ཆ་ལ་བཅོལ་བ་བདེན་ནམ།
མི་དག་གིས་བཤད་ན།
མེ་ཏོག་གི་དྲི་བསུང་སྐད་ཆ་ཡིན།
ཆུ་གཙང་གི་འབབ་སྒྲ་ཡང་སྐད་ཆ་ཡིན།
བསམ་གཞིག་གི་སྒོ་མོ་སྐད་ཆ་ཡིན།
ལབ་གླེང་གི་སྣེ་མོ་ཡང་སྐད་ཆ་ཡིན།
འཕྲུལ་སྣང་གི་ལང་ཚོ་སྐད་ཆ་ཡིན།
དངོས་ཡོད་ཀྱི་ལམ་སྣེ་ཡང་སྐད་ཆ་ཡིན།
གནའ་བོའི་རྩྭ་ཐང་དང་།
ད་ལྟའི་གྲོང་སྡེ་དག་ཀྱང་སྐད་ཆས་ཕབ་པ་རེད་ཟེར།
སྒྲུང་གཏམ་ཞིག་གི་ངོས་ན་ཁ་བ་ལྷབ་ལྷུབ་ཐོར་ལ།
ཉི་འོད་ཅིག་གི་ངོས་ན་ཡང་ཁ་བ་ལྷབ་ལྷུབ་འཐོར་གྱིན་འདུག
སྐབས་ཤིག་ལ་རྩྭ་ཐང་ཀུན་ཁ་བས་གཡོགས་འདུག
ཁ་བའི་གཞོངས་ལ་སྐད་ཆའི་འདབ་མ་ཐར་ཐར་འཐོར།
རྣ་བ་བླགས་ཏེ་ཉན་ན་འུར་ཟིང་གི་སྐད་ཆ་
དེ་དག་ཕོ་བྲང་ལ་ཆས་པ་འདྲ།
ད་གཟོད་ངས་སྐད་ཆ་ཞེས་ཡང་ཡང་ལབ་ལ་ཡང་ཡང་བྲིས།
༼ ཧུན • དུར་རོ། ༽