མི་ཚེ་སྐྱིད་སྡུག་དྲོ་འཁྱག་རེས་མོས་བརྗེ། །
སྣང་བ་དཀར་ནག་གངས་དང་ཆར་ལྟར་རྡོལ། །
ལན་རེར་སེམས་ཀྱི་སྒེའུ་ཁུང་མཐོང་ན་ཡང་། །
ཕ་ཡུལ་དྲན་ནས་ནང་སེམས་ཡོལ་བས་འགེབས། །
ཕྱི་ན་ཆར་པས་ལྗོན་པའི་ལོ་འདབ་བཀྲུས། །
ནང་ན་སེམས་ཀྱིས་གཉུག་མའི་རང་བཞིན་བཙལ། །
མི་ཚེ་དཔྱིད་ཀ་རྫོགས་པའི་རྗེས་ཤུལ་ན། །
ཅི་ཞིག་བཙལ་ཀྱང་ཉིང་འབྲས་འཁྱོངས་སམ་ཅི། །
རྣམ་རྟོག་སྤྲིན་པ་འཁྱུག་ཙམ་བྱེད་པའི་རྗེས། །
ནང་སེམས་རྡིབ་པའི་ཉམས་སྣང་ཅི་ཡང་འཆར། །
ཟོལ་མེད་གཤིས་ལ་ཆགས་པའི་ཉམས་ལེན་ཞིག །
སྐབས་རེར་མེད་པའི་མྱོང་ཚོར་གཏིང་ནས་རྙེད། །
བསམ་བརྗོད་སྤྲོས་འདས་མི་གཡོ་ཆོས་ཀྱི་དབྱིངས། །
གཉིས་སྣང་ཕྲ་མོའི་སྦུབས་སུ་གནས་ཡོད་ཀྱང་། །
རེ་དོགས་འཚུབ་རླུང་སྨྱོན་པའི་ངང་ཚུལ་གྱིས། །
རང་བཞིན་ཆོས་ཉིད་མངོན་ལ་ཉེ་ཞོ་བྱེད། །
ད་ནི་གཉུག་མའི་གཤིས་སྣང་བཙལ་མཚམས་འཇོག །
སེམས་ཉིད་སྤྲོས་དང་བྲལ་རུང་མཐོང་རེ་དཀོན། །
སྤང་བླང་ཡེ་གྲོལ་ཟོལ་གྱིས་ངང་བཞག་ན། །
ལན་རེར་ཕན་པའི་ཉིང་དགོས་དེ་ག་རང་། །
༼ ཚོར་སྦྲང་། ༽